R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༢༨
[A:༢༢༨]རྒྱས་པ་དང༌། གཙོ་བོ་རྣམ་སྣང་ལ་སྟོད་གཡོགས། སྐུ་པང༌། སངས་རྒྱས་ཀྱི་སྐུ་བརྙན་ཆེ་ཆུང་གསུམ་ལ་སྣམ་སྦྱར། བིརྺ་པའི་སྐུ་བརྙན་ལ་སྒོམ་ཐག་རྒྱ་བཟོ་མ། ཉེ་སྲས་རྣམས་ལ་སྟོད་གཡོགས། སྨད་གཡོགས། ཁྲོ་བོ་གཉིས་ལ་སྟོད་གཡོགས། སྨད་གཡོགས། སྟག་ཤམ་བཅས་དང༌། སྙན་ཤལ་རྣམ་སྣང་ལ་ནང་མཛོད་གཉིས། མར་མེ་མཛད་དང་བྱམས་པ་གཉིས་ལ་ནང་མཛོད་རེ། ཐུབ་དབང་དང་བིརྺ་པ་གཉིས་ལ་བསོད་བཏགས་རེ། ཉེ་སྲས་བརྒྱད་ཁྲོ་བོ་གཉིས་བཅས་ལ་བསོད་བཏགས་རྙིང་མ་གཉིས་རེ་རྣམས་འབུལ་སྦྱོར་མཛད་པའི་ན་བཟའི་རྒྱུར་བཟང་གོས་སྣ་ཚོགས་ཁ་ཉིས་བརྒྱ་དང་དྲུག་ཅུ་སྐོར། གོས་ལིང་ཁ་ཉི་ཤུ་སྐོར་ནང་ཤ་བཅས་དང༌། མཆོད་འབུལ་དང་རབ་ཏུ་གནས་པའང་རྒྱས་པར་མཛད་དོ། །ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེར་ཤར་ཕྱོགས་སུ་ཕེབ་ཚུལ་གྱི་བཀའ་ཤོག་སྩལ་གཤིས་ལྷ་ལྡན་དུ་ཆིབས་བསྐྱོད། སྐུ་ཞབས་ལྕང་སྐྱ་རིན་པོ་ཆེ་དང༌། ཕྱག་མཛོད་ཛ་སགས་བླ་མ་གཉིས་ཀར་ཕེབ་རྫོང་གི་འབུལ་ནོད་དང་བཅས། རིས་སུ་མ་ཆད་པའི་གྲུབ་པའི་མཐའ་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ལེགས་ཚོགས་སྩོལ་བ་ལ་ཁྱད་པར་མེད་གཤིས། གངས་ལྗོངས་ཀྱི་ཆོས་ལུགས་ཀུན་རང་རང་གི་གནའ་བོའི་ལུགས་སྲོལ་ལས་གཡོ་མེད་འཇམ་ཆགས་སུ་གནས་ཆོག་པ་སོགས་ཀྱི་ཁུར་བཞེས་བརྩེ་གཟིགས་དགོས་པ་དང༌། བོད་འབངས་ཀྱི་འགྲོ་བ་རྣམས་ཀྱང་བརྩེ་བས་མི་འདོར་བ་སོགས་ཀྱི་གངས་ཅན་བསྟན་འགྲོ་ཁོ་ནའི་དོན་དུ་དགོངས་པའི་ཞུ་བ་རྒྱས་པར་མཛད་པ་ལ་རྗེས་སུ་ཡི་རང་གིས་ཐུགས་ལྷག་པར་དགྱེས་པས། དེ་ལྟར་བགྱིས་པར་ཞལ་གྱིས་བཞེས། འདི་ལོ་སྡེ་དགེ་ནས་དུས་འཁོར་སློབ་