R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༢
[A:༢༢]དགེ་བསྙེན་དྷརྨ་ཏཱར་ཡང་ཞལ་གྱིས་བཞེས་ཏེ། རྗེ་ཉིད་ཀྱི་གསུང་ལས། སྐབས་ཤིག་རྨི་ལྟས་སུ་གནས་བཅུའི་ཐང་སྐུ་ཤིན་ཏུ་ངོ་མཚར་བ་ཞིག་འདུག་པར། དེའི་གྲས་དགེ་བསྙེན་དྷརྨ་ཏཱ་ལར་ཞེན་ཆེན་པོས་བལྟས་ཤིང༌། འདིའི་མདུན་གྱི་ནམ་མཁར་སྣང་བ་མཐའ་ཡས་ཞིག་ཀྱང་ཡོད་སྙམ་པ་དེ་མ་མཐོང་ཡང༌། དོན་ལ་དགེ་བསྙེན་དེས་ཁོ་བོ་བྱིན་གྱིས་བརླབས་པ་ཞིག་ཡིན་འདྲ་གསུངས་ཤིང་ཞལ་གྱི་བཞེས་པ་ལྟར། དྷརྨ་ཏཱ་ལ་འདི་ནི་དགེ་བསྙེན་གྱི་ཆ་ལུགས་བཟུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པར་བཤད་ཅིང༌། རྒྱ་ནག་ཐང་གི་རྒྱལ་པོས་གནས་བརྟན་བཅུ་དྲུག་སྤྱན་དྲངས་ཏེ་བསྙེན་བཀུར་མཛད་པའི་ཚེ། གནས་བརྟན་རྣམས་ཉིན་རེ་བཞིན་ཧ་ལ་ཤན་གྱི་རི་ལ་འབྱོན་པ་ན། དྷ་རྨ་ཏཱས་ཕྱགས་དར་མཛད་དུས་གཅན་གཟན་མ་རུངས་པས་འཚེ་བ་ལས་ཞབས་པུས་གཡས་ནས་སྟག་སྤྲུལ་ཏེ་དེད། སངས་རྒྱས་སྣང་བ་མཐའ་ཡས་མདུན་གྱི་ནམ་མཁའི་སྤྲིན་གསེབ་ཏུ་བཞུགས་ནས་བྱིན་གྱིས་རློབ་པར་གྲགས། ཡང་སློབ་དཔོན་རྡོ་རྗེ་དྲིལ་བུ་པར་ཞལ་གྱིས་བཞེས་པ་ནི། ཁོ་བོ་དབུས་ལ་ཕྱི་མ་ཕྱིན་སྐབས་བཀྲ་ཤིས་ཆོས་སྡེར་གསུང་འཕྲོས་སུ། སྐབས་ཤིག་རྨི་ལམ་དུ་གྲུབ་ཆེན་དྲིལ་བུ་པའི་རྣམ་ཐར་ཐང་ཀ་ཞིག་གི་ཁྲོད་ལ་འགྲོ་བ་སྙམ་བྱེད་ཅིང༌། གྲུབ་ཆེན་དེ་སྡིག་ཆེན་རྒྱལ་པོ་ལ་ཐུགས་ཁྲོས་ཏེ། རྭ་ཤོར་བརྡབས་པས་ས་གས་ནས་ཆུ་ཐོན་ཏེ་རྒྱལ་པོ་འཁོར་བཅས་འཇིག་པར་ཉེ་བ་ན་སྤྱན་རས་གཟིགས་ལ་གསོལ་བ་ཐོབ་ཅིག་གསུངས་པས། ཆུ་དབུས་སུ་འཕགས་པ་རང་བྱོན་དེ་འདིའི་ཐད་ན་ཡོད་སྙམ་བལྟས་པས། སྤྱན་རས་གཟིགས་ཀྱི་སྐུ་ཞིག་ཀྱང་མཐོང་ཞེས་གསུངས་པ་དང༌། ཡང་གསུངས་ལས། འཁོར་