R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༣
[A:༢༣]ལོ་བདེ་མཆོག་འདི་ལ་བག་ཆགས་ཆེན་པོ་ཞིག་ཡོད་པར་འདུག །འདིའི་བསྒོམ་བཟླས་གཡེལ་ན་ཡང་ཡང་བསྐུལ་བའི་ཉམས་བྱེད་ཀྱིན་འདུག་གསུངས་པ་དང༌། འདར་གྲོང་མཁན་ཆེན་ངག་དབང་ཤེས་རབ་སྐུ་དྲུང་ན་བཞུགས་སྐབས། གསུངས་ལས། བདེ་མཆོག་གི་བསྒོམ་བཟླས་འདི་ལ་ཡང་ཡང་བསྐུལ་བ་ཞིག་གདའ་སྟེ། ཁ་སང་ནས་ཀྱང་ཁམས་ཕྲུག་ཞིག་གིས་རྒྱ་མཐོངས་ཁ་འདིར་བདེ་མཆོག་གི་རྩ་སྔགས་དག་གསལ་འདོན་པ་ཞིག་བྱུང་གསུངས་པ་སོགས་གྲུབ་པའི་སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པར་ཡང་སྐུ་སྐྱེ་བཞེས་ཏེ། དེའང་སློབ་དཔོན་འདི་ནི་རྒྱ་གར་ཤར་ཕྱོགས་བྷ་རནྡྲར་རྒྱལ་རིགས་སུ་འཁྲུངས་ཤིང༌། རབ་ཏུ་བྱུང་བའི་མཚན་བློ་གྲོས་སྙིང་པོ་ཞེས་ཡོངས་རྫོགས་ཀྱི་པཎྜི་ཏ་ཆེན་པོར་གྱུར་ཏེ། མུ་སྟེགས་ཀྱི་རྩོད་པ་ལས་རྒྱལ་བས་དགྲ་ལས་རྣམ་རྒྱལ་དུའང་གྲགས་ཤིང༌། དྷ་རི་ཀ་པས་རྗེས་སུ་བཟུང་ནས་འཁོར་ལོ་སྡོམ་པའི་དབང་དང་གདམས་ངག་གསན་ཏེ་བྷངྒ་ལའི་ནགས་ཁྲོད་དུ་སྒྲུབ་པ་མཛད་པའི་ཚེ་ནམ་མཁའ་ནས་ཨོ་རྒྱན་དུ་ཕག་རྫི་མོས་རྗེས་སུ་འཛིན་པར་ལུང་བསྟན་གྱི་སྒྲ་བྱུང་བས་དེར་བྱོན་ཏེ། ཕག་རྫི་མོ་དང་མཇལ་བའི་ཚེ་ཡེ་ཤེས་མཁའ་འགྲོ་མའི་སྐུ་དངོས་སུ་བསྟན་ཏེ། འཁོར་ལོ་སྡོམ་པའི་དབང་དང་གདམས་པ་གནང་ནས། ཨོ་ཌི་བི་ཤའི་བས་མཐའ་ཞིག་གི་ནགས་ཁྲོད་དུ་སྒྲུབ་པ་མཛད་པས་བསྐྱེད་རིམ་མཐར་ཕྱིན། རྫོགས་རིམ་རིམ་ལྔའི་ལས་རྒྱར་སླེབས་པ་ན། ཡུལ་དེའི་རྒྱལ་པོ་ནགས་ཁྲོད་དུ་རི་དྭགས་ཀྱི་རྔོན་པར་བྱུང་ཚེ་ཕྱག་དང་ཞེས་མ་མཛད་པས་རྒྱལ་པོ་ཁྲོས་ནས། ཆང་འཚོང་མའི་བུ་མོ་པདྨ་ཅན་ཞིག་ཡོད་པ་དེ་དམའ་དབབ་ཏུ་བཏང་བར། ལས་རྒྱ་མཛད་ནས་རྒྱལ་པོས་བུ་མོ་ལ་དགེ་སློང་ཁྲིག་ཤོག་བྱས་