[A:༢༣༡]སོགས་སྩལ། གཞན་ཡང་མཁན་ཆེན་བློ་བཟང་དཔལ་འབར་དང༌། རིག་འཛིན་སྐལ་བཟང་རྣམ་གྲོལ། སྡེ་པ་སྤོ་ར་བ་སོགས་ལ། མ་གཅིག་གསང་སྤྱོད་སྙན་བརྒྱུད་ཀྱི་མཁའ་འགྲོ་སྡེ་ལྔའི་དབང་སོགས་སྤྱོད་སྐོར་གྱི་དབང་ལུང་མང་པོ། མང་ར་མཁན་ཟུར་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཡི་གེ་དུ་མའི་ལུང་གནང་ཞིང༌། ཚུར་ཡང་ཆོས་རྗེ་གླིང་པའི་ཕྱག་རྡོར་སེང་སྒྲོག་གི་རྗེས་གནང༌། དྲང་སྲོང་གི་བཀའ་གཏད་དང༌། ཡིག་སྐོར་གྱི་ལུང་སོགས་གསན། ནུབ་ཁང་གསར་དུ་རྣམ་ཐོས་སྲས་ཀྱི་ཕྱི་ནང་གསང་བ་རབ་འབྲིང་ཐ་མའི་རྟེན་འཛུགས་རྣམས་རྒྱས་པར་མཛད་ཅིང་སྒྲུབ་པ་སོགས་ནན་ཏན་གནང༌། ཟླ་བ་གཉིས་པའི་ནང་དུ། སྡེ་བ་ཞོལ་ཁང་ནས་ཀྱིས་སྟག་རྩེ་རྒྱ་རར་ལྷ་ཁང་གསར་བཞེངས་གནང་བའི་རབ་གནས་ལ་གདན་འདྲེན་གནང་བ་བཞིན་སྟག་རྩེར་ཕེབ། གནས་རྟེན་རྣམས་ལ་དཔལ་ཀྱེ་རྡོ་རྗེའི་སྒོ་ནས་རབ་ཏུ་གནས་པ་རྒྱས་པར་མཛད། སྡེ་པ་དཔོན་གཡོག་རྣམས་ལ་མཁའ་སྤྱོད་མའི་བྱིན་རླབས་དང༌། རྟ་མགྲིན་གྱི་རྗེས་གནང་སོགས་ཆོས་བཀའ་མང་བ་དང༌། ཡུལ་མི་དང་བཅས་པར་ཁྲོམ་དབང་ཞིག་ཀྱང་མཛད། གྲུབ་པའི་ཁྱུ་མཆོག་དཔལ་དམ་པ་སངས་རྒྱས་ཀྱི་ཐུགས་ཀྱི་སྤྲུལ་པ་དབུས་སྨྱོན་ཀུན་དགའ་བཟང་པོས་སྐལ་ལྡན་འགྲོ་བ་འབུམ་ཕྲག་དུ་མ་འཁོར་བ་ལས་བསྒྲལ་བའི་གནས་མཆོག་དཔལ་གྱི་རྩི་དམར་དུ་གནས་གཟིགས་ལ་ཕེབ། ཁ་ཊྭཱཾ་བཀྲ་ཤིས་འོད་འབར་སོགས་ནང་རྟེན་རྣམས་དང༌། སྐུ་གསུང་ཐུགས་རྟེན་རྣམས་ལ་མཆོད་འབུལ་སྙན་ཤལ་གཟབས་རྒྱས་དང༌། གྲུབ་ཐོབ་ཆེན་པོའི་དཔོན་བརྒྱུད་བླ་མ་དབོན་ཞང་གཉིས་དང༌། བཙུན་