[A:༢༣༢]མ་རྣམས་ལ་མང་འགྱེད་དང༌། དེར་འདུས་སེར་སྐྱ་རྣམས་ལ་ཆོས་འབྲེལ་དུ་ཐུགས་རྗེ་ཆེན་པོའི་སྒོམ་ལུང་སྔོན་འགྲོའི་ཆོས་བཤད་དང་བཅས་པ་ཤིན་ཏུ་རྒྱས་པར་སྩལ་བས། ཕལ་ཆེར་གྱི་མིག་མཆི་མས་གང་ཞིང་དད་གུས་ཀྱི་བ་སྤུ་ལྡང་བ་དང༌། གྲུབ་ཐོབ་ཆེན་པོ་དངོས་བྱོན་པ་ལྟ་བུའི་དགའ་སྤྲོ་རྒྱ་ཆེར་ཐོབ་པར་གྱུར་ཏེ། སླར་ཡང་ལྷ་ལྡན་དུ་ཆིབས་བསྐྱོད། གྲུབ་པའི་དབང་པོ་མེ་ལོང་རྡོ་རྗེ་དེ་ཉིད་སླར་ཡང་གཏེར་སྟོན་ཆེན་པོ་བདེ་ཆེན་གླིང་པའི་དབོན་བརྒྱུད་དུ་འཁྲུངས་ཤིང༌། སྒྲུབ་པ་སྙིང་པོར་མཛད་པས་རྩ་གསུམ་རྒྱལ་བའི་ཚོགས་ཀྱིས་དངོས་ཉམས་སུ་ཞལ་བསྟན་ཞིང་གསུང་གི་དབུགས་དབྱུང་སྟེ་ཟབ་མོའི་གཏེར་ལ་རང་དབང་དུ་གྱུར་ཅིང༌། རྒྱལ་དབང་པདྨའི་ལུང་གིས་མངོན་པར་གཟེངས་བསྟོད་པའི་གཏེར་སྟོན་ཆེན་པོ་གར་དབང་ལས་རབ་རྩལ་གྱི་དྲུང་ནས། ཡང་རྫོང་གི་གཏེར་བྱོན་ཐུགས་སྒྲུབ་ཀྱི་སྐོར་ཡོངས་སུ་རྫོགས་པ། དག་སྣང་བླ་སྒྲུབ་ཀྱི་སྐོ་ཚེ་སྒྲུབ་ཀྱི་སྐོར། རིག་འཛིན་ཆེན་པོ་ཐུགས་མཆོག་རྡོ་རྗེ་རྩལ་གྱི་གཏེར་བྱོན་གཏུམ་པོ་ནཱ་ག་རཀྵའི་སྐོར། གཞན་ཡང་པདྨ་ཁྲག་འཐུང་གི་སྐོར་སོགས་མང་དུ་གསན། ཕ་བོང་ཁ་མཁན་པོ་སོགས་ལ། མཁའ་སྤྱོད་མའི་སྐོར་ཡོངས་རྫོགས། ཆོས་ཉིད་དངོས་བསྟན་གྱི་བྱིན་རླབས་ཁྲིད་ལུང་དང་བཅས་པ། ཨིནྡྲ་དང་མཻ་ཏྲི་གཉིས་ཀྱི་དབང་ལུང༌། དུར་བདག་གི་རྗེས་གནང་ལུང་དང་བཅས་པ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ཞི་དྲག་གི་དབང༌། ཁྲིད་ལུང་ཡོངས་སུ་རྫོགས་པ་སོགས་ཟབ་ཆོས་རྒྱ་ཆེར་སྩལ། དེ་ལྟར་ཕྱོགས་དེའི་གདུལ་བྱ་རྣམས་རེ་ཞིག་དེ་ཙམ་དུ་དགོངས་ནས་སྙེ་ཐང་དུ་ཆིབས་བསྐྱོད། བོད་འབྲུག་ཆོས་རྗེ་