R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༤༢
[A:༢༤༢]ཚོགས་སུ་ཅི་རིགས་བཀོད་པ་རྣམས་དང༌། གཞན་ཡང་དགུང་ལོ་དགུ་ཙམ་གྱི་ཚེ་སྐུ་རྩེད་ཀྱི་ཚུལ་དུ་ཟན་རིལ་ཆུང་ངུ་བདུན་ལ་ཕྱག་མཐེབ་ཀྱི་རྗེས་སུ་ཨ་ཡིག་གསལ་བར་བྱུང་བ་ཕྱིས་སུའང་འགའ་ཞིག་གི་དད་རྟེན་དུ་ཡོད་པར་གྲགས། ཆོས་སྡེའི་བླ་བྲང་རྩེར་སྒྲོལ་དཀར་གྱི་ལྗགས་བསྙེན་གནང་བའི་ཚེ་གྲུབ་ཐོབ་ཆེན་པོ་བྱོན་ནས། རྒྱལ་བ་ཚེ་དཔག་མེད་དང་རྣམ་པར་རྒྱལ། ཞེས་སོགས་ཀྱི་ཞབས་བརྟན་ཚིགས་བཅད་གསུངས་པ་དང༌། སྐབས་ཤིག་མནལ་ལྟས་སུ་གྲུབ་ཐོབ་ཆེན་པོ་གཟི་བརྗིད་དང་ལྡན་པ་ཞིག་གི་སྐུ་མདུན་དུ་རིན་པོ་ཆེའི་སྣོད་བཟང་པོའི་ནང་དུ་སྙིང་རློན་པ་དཀྱིལ་གཤགས་པ་ཞིག་གཟིགས་བྱུང་གསུངས་པ་གཞན་སྟོང་ལྟ་བའི་གནས་ལུགས་སྟོན་པའི་བརྡར་སེམས་ཤིང༌། གཞན་སྟོང་ལ་ཐུགས་གཙིགས་ཀྱང་ཤིན་ཏུ་ཆེ། ལྷ་སའི་དགའ་མོ་འཕྲང་དུ་གྲུབ་ཐོབ་ཆེན་པོ་བྱོན་ནས་ལྕགས་ཟམ་གསར་རྙིང་གསོ་འཛུགས་མང་དུ་མཛད་པའི་ལས་དཔོན་སྡེ་པ་སྤོ་ར་བ་བྱུང་བའི་མནལ་ལྟས་ཤར་བ་བཞིན་སྔར་ནས་གསུང་སྒྲོས་ཡོད་པ་ལྟར། དུས་ཕྱིས་ལྕགས་ཟམ་པ་གྲུབ་དབང་བློ་བཟང་དཔལ་གྲུབ་ཀྱིས་དབུས་གཙང་དུ་ལྕགས་ཟམ་དུ་མ་སྤེལ་ཞིང༌། ལྷག་པར་དགའ་མོ་འཕྲང་དུ་ལྕགས་འཛུགས་ཀྱི་མགོ་བ་སྤོ་ར་བར་བབས་པས། སྡེ་པ་དེ་རྗེ་བླ་མ་གཉིས་ཀར་མི་ཕྱེད་པའི་ཐུགས་དད་དང༌། ཁྱད་པར་ལྕགས་ཟམ་པ་དེར་སྐྱེ་བོ་ཕལ་གྱིས་སྐུར་འདེབས་བྱེད་ཀྱང་སྡེ་པ་སྤོ་ར་བ་བརྒྱུད་བཅས་ནི་གྲུབ་ཐོབ་ཆེན་པོ་དངོས་ཀྱི་དད་འདུན་མཛད། ཡང་སྐབས་ཤིག་མནལ་ལམ་དུ་མཁའ་སྤྱོད་མའི་བྲིས་ཐང་ཞིག་གི་སྟེང་གི་ཆ་ལ་བླ་མ་བརྒྱུད་པ་དང་བཅས་པ་བཞུགས་ཤིང་རྗེ་བཙུན་མའི་སྐུ་ལས་འོད་ཟེར་དུ་མ་འཕྲོས་པའི་རྩེ་ལ་འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུ་འོད་ཀོར་གྱི་རྣམ་པར་ལྟར་བཞུགས་