R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༤༣
[A:༢༤༣]པ་སོ་སོའི་དྲུང་ན་རྣལ་འབྱོར་མ་རྒྱན་ཆ་ལུགས་སྐུ་མདོག་ཕྱག་མཚན་མི་འདྲ་བ་རེ་རེ་བཞུགས་པའི་རྡོ་རྗེ་དྲིལ་བུ་པར་ནན་ཏན་གྱིས་གཟིགས་པས་ཞབས་པུས་གཡས་ཀྱི་ཐད་ཙམ་ན་ད་ལྟ་བྲིས་སྐུར་འོང་བའི་རྣམ་པ་ཇི་ལྟ་བ་མཁའ་སྤྱོད་མ་དམར་མོས་འཁྱུད་པ་ཞིག་དང༌། དེའི་ཉེ་སྐོར་དེར་མཁའ་སྤྱོད་དུ་གཤེགས་པའི་བཀོད་པ་འདུག་པས་ཐུགས་རྗེ་ཆེན་པོའི་སྐུ་ཞིག་ཀྱང་ཡོད་དགོངས་ནས་གཟིགས་པས་དེའང་གསལ་བར་བྱུང་གསུང༌། འོག་ཡུལ་ལྗོངས་ཀྱི་རྣམ་པ་དང༌། བླ་མ་བརྒྱུད་པ་རྣམས་བཞུགས་པའི་བར་སྣང་ཤིན་ཏུ་ཁད་འགྱངས་པ་སྔོ་སེང་ངེ་བ་ཞིག་འདུག་པར་ད་རང་ལམ་འདི་ལ་བརྟེན་ནས་མཁའ་སྤྱོད་དུ་གཤེགས་པ་ཞིག་མི་འོང་བ་འདྲ་དགོངས་ཐུགས་ཁྲལ་མཛད་བཞིན་པའི་ངང་དེ་ཁར་ཡུལ་ལྗོངས་ཀྱི་རེ་རྩེ་ཞིག་ནས་སྤྲིན་སྐྱ་ཐོལ་གྱིས་བྱུང་བ་བླ་མ་རྣམས་བཞུགས་པའི་སྤྲིན་དང་འདྲེས་སོང་བ་ཞིག་བྱུང་བས་ད་དུང་རང་རེའི་རྗེས་འཇུག་ལམ་འདི་ལ་བརྟེན་ནས་མཁའ་སྤྱོད་དུ་གཤེགས་པའང་འགའ་རེ་འོང་བ་འདྲ་གསུངས། གཞན་ཡང་རྒྱལ་ཡུམ་རྡོ་རྗེ་བཙུན་མོའི་གཟིགས་སྣང་ནི་དངོས་ཉམས་དུ་མར་ཡང་ཡང་འོང་བར་ངེས་ཏེ། བཀའ་ལས། གསུང་ཆོས་སོགས་ཀྱིས་ཐུགས་གཡེང་གི་སྟབས་མཁའ་སྤྱོད་མའི་ལྗགས་བཟླས་ཅུང་ཟད་གཡེལ་བར་གྱུར་ན་དེ་མ་ཁད་རྣམ་འགྱུར་དུ་མས་བསྐུལ་བ་ཞིག་འོང་གིན་འདུག་པས་འདིའི་བཟླས་སྒོམ་ཅུང་ཟད་ཀྱང་གཡེལ་མི་ཐུབ་པ་འདུག་གསུང༌། ཡར་འབྲོག་སྒང་དུ་རྡོ་རྗེ་བཙུན་མོ་དངོས་སུ་བྱོན་པ་སྐུ་འཁོར་ཞིག་སྐུ་མདུན་དུ་འོང་བའི་རྐྱེན་གྱིས་ཡལ་བར་གྱུར་པའི་ལོ་རྒྱུས་ཀྱང་གནང༌། དཔལ་འཁོར་ལོ་བདེ་མཆོག་ཀྱང་ཛོ་ཀི་སོགས་རྣམ་འགྱུར་དུ་མར་སྤྲུལ་ནས་མནལ་ལམ་