[A:༢༤༡]ཆོས་སུ་མ་སོང་བར་སྔོན་འགྲོ་རྣམས་ཐུགས་རྒྱུད་ལ་སྐྱེ་ངེས་དང༌། བསྐྱེད་རིམ་ལ་གསལ་སྣང་ཐོབ་ཅིང༌། རྫོགས་རིམ་བདེ་སྟོང་ཟུང་འཇུག་གི་ལྟ་བའི་ཡང་རྩེར་ཕེབ་པ་ཞིག་སྟེ། གསུང་ལས། ང་ཆུང་ངུའི་སྐབས་བསྐྱེད་རིམ་ལ་རྩལ་སྦྱོང་བའི་ཚེ་མི་འགའ་རེ་དང་འཕྲོས་གཏམ་ལབ་ཀྱང༌། དེའི་མིག་གི་རྒྱ་མོའི་ནང་དུ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་ཨེ་ཐེབས་ལྟ་ཞིང་སྒོམ་པ་ཡིན་གསུངས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ཡོད་པར་སེམས་ཤིང༌། །གཉིས་པ་ནི་གོང་གི་དེ་ཉིད་ལས། དག་པའི་རྨི་ལམ་ཉམས་ཀྱི་སྣང་བ་ལ། །བླ་མ་ཡིད་དམ་ཆོས་སྲུང་ནོར་ལྷ་ཡི། །གསང་གསུམ་རྣམ་འཕྲུལ་ངོ་མཚར་ཇི་སྙེད་པས། །བྱིན་རླབས་མཚན་མ་བརྙེས་པ་ཁྱོད་ལ་འདུད། །ཅེས་གསུངས་པ་ལྟར། ཞལ་གཟིགས་ལུང་བསྟན་གྱི་རིགས་དང་གྲུབ་པའི་རྟགས་མཚན་ལ་སོགས་པ་དཔག་ཏུ་མེད་པ་ཞིག་བྱུང་བར་གོར་མ་ཆག་ཀྱང་སྦ་བ་ཁོ་ནར་མཛད་གཤིས་གསལ་བར་མི་གསུང་ལ། གལ་ཏེ་གསུངས་ཀྱང་མནལ་ལམ་གྱི་ཟོལ་དང༌། དངོས་སུ་བྱུང་བ་ལྟར་གསུངས་པ་ཟུར་ཙམ་ལས་མི་གསུང་བ་བསྙེལ་ཐོ་འདྲའང་མི་སྣང་བས། རྒྱས་པར་འབྲི་རྔོ་མ་ཐོགས་ཤིང༌། རང་གཞན་གྱིས་མཐོང་ཐོས་ཅུང་ཟད་བྱུང་བ་རྣམས་བཀོད་ན། དགུང་གྲངས་གསུམ་ཙམ་བཞེས་པའི་དུས་རྣལ་འབྱོར་པ་སྔགས་དཀར་ལྕང་ལོའི་ཚུལ་ཅན་ཤིན་ཏུ་བག་དྲོ་བ་ཞིག་གིས་གཟིམས་ཁང་དུ་བྱོན་ནས་བྱིན་རླབས་མཛད་པ་དྲན་ཏེ། རྗེས་སུ་ཡུམ་སོགས་ཀྱིས་མ་ངེས་པར་འདུག་གསུངས་པ་དག་སྣང་ཞིག་ཡིན་ནམ་སྙམ། སྐུ་ན་ཕྲ་མོའི་སྐབས་ལྗགས་ཀྱི་སྟེང་དུ་ཨ་ཡིག་གསལ་པོར་ཡོད་པ་སོགས་གོང་གི་གསེབ་ཚགས་སྣ་