[A:༢༤༤]དང་ཐུགས་ཉམས་སུ་གཟིགས་གསུངས། ལུང་བསྟན་ཡང་མང་པོ་ཞིག་ཡོད་ཚོད་གདའ་སྟེ་གསལ་བར་མ་ཤེས། ཆོས་སྡེར་བཞུགས་སྐབས་ཤིག་ནམ་མཁའི་ཁམས་ཀུན་མེ་ཏོག་པདྨའི་སྡོང་པོ་མང་པོས་ཁེངས་ཤིང༌། དེ་རེ་རེའི་སྟེང་ན་སྨན་བླ་སོགས་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན་དུ་མ་ཞལ་གཟིགས་གསུངས། འཁྲུངས་རབས་ཀྱི་ཕྲེང་བ་རྣམས་ཀྱང་མནལ་ལམ་དུ་བྱུང་བའི་ཟོལ་མཛད་པ་སོགས་ནི་ཁེངས་བསྐྱུངས་ཁོ་ན་ཡིན་པར་སེམས་ཏེ། གཏན་ཚིགས་དུ་མ་མཐོང་བའི་ཕྱིར། ཁའུར་ཕེབ་རེས་ཀྱི་དཔལ་མགོན་བྲམ་གཟུགས་དཀར་པོ་ཞིག་གར་དགུའི་ཉམས་དང་བཅས་ཏེ་གཟིགས་གསུངས། རྗེ་འདི་ཉིད་སྤྱིར་གསུང་ཆོས་ཞུ་བ་བྱུང་ན་ཐུགས་དགྱེས་བཞིན་དུ་ལྷུག་པར་གནང་མོད། གསང་ཆེན་ཁའུ་བྲག་རྫོང་པའི་མན་ངག་སྤྱི་དང༌། བྱེ་བྲག་གཉན་མགོན་གྱི་སྐོར་ལ་དམ་དོག་ཤིན་ཏུ་ཆེ་བར་མཛད་དེ། འདིའི་རྗེས་གནང་ཞུ་བ་ཕལ་ཆེར་ལ་དཀར་པོ་ཚེ་འཕེལ་ཁོ་ན་མཛད་ལ། དེ་ནས་ཀྱང་ནན་ཏན་ཆེན་པོས་བཏུད་ན་བསྙེན་དུས་སོགས་རིམ་གྱིས་གདམས་ངག་གི་སརྒ་མ་ལོག་པར་གསུངས་པས་ཞག་བདུན་ཙམ་ལ་ཆོས་སྐོར་ཡོངས་རྫོགས་འདོད་པའི་ཧམ་ཅན་རྣམས་ལ་འབུལ་བ་སོགས་ཇི་ཙམ་ཡོད་ཀྱང་ཐུགས་བྲེལ་ལྟ་བུར་བསྙད་འདོགས་ཀྱིས་མི་གསུང་བས། འདིའི་ཆོས་སྐོར་ཡོངས་རྫོགས་ཐོབ་པ་ཁོ་བོ་ཅག་སོགས་གཉིས་གསུམ་ཙམ་ལས་མེད་པར་སེམས། སེང་གེ་སྒྲའི་ངག་སྲུང་འགྲོལ་གྱི་སྒོམ་ཟླས་ལ་ནན་ཏན་མཛད་པས་ལྗགས་ཀྱི་མཐའ་ཡོངས་རྫོགས་ལ་ལྗགས་གསར་པ་ཁབ་སྦོམ་ཙམ་ཞིག་མཐུད་མའི་ཚུལ་དུ་འཕེལ་བ་དང༌། ཆོས་སྡེར་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་མཆོད་ཆོ་ག་གྲྭར་ཕེབ་པའི་ནུབ། མནལ་ལམ་དུ་གཙུག་ལག་ཁང་ཞིག་ན་མཁན་