[A:༢༤༥]ཆེན་བསླབ་གསུམ་རྒྱལ་མཚན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་སྐུ་ཡོམ་ཡོམ་བཞུགས་ཤིང༌། དེའི་དབུ་ན་འཇིགས་བྱེད་རིགས་ལྔའི་སྐུ་ཐོག་ཚད་ཙམ་བཞུགས་པ་ཞིག་གསལ་བ་དང༌། ཡང་སྐབས་ཤིག་ཐུགས་སྣང་དང་མནལ་ལྟས་ཅི་ལྟར་ཡང༌། གཅེན་ཐང་ལྷ་རི་རོལ་པོའི་འདབས་སུ་ཀྱེ་རྡོ་རྗེའི་ཆོས་སྐོར་ཟབ་གཏེར་དུ་བཞུགས་པ་ཞིག་མཁྱེན་པ་དང༌། ཡང་སྐབས་ཤིག་མནལ་ལྟས་སུ་ཆུ་བྲག་འཐབས་པའི་གནས་ཤིག་ནས་ངང་པས་བསེ་སྒོམ་ཙ་ཀ་ལིའི་བ་གམ་ལྟ་བུ་ཕུལ་བ་ཞིག་བྱུང་གསུངས་པ་དང༌། ཁོ་བོ་ལ་གསུང་ཆོས་ཐོག་མར་གནང་རྒྱུའི་ནུབ་མོ། ངེད་རང་གི་ཡབ་རྡོ་རྗེ་འཆང་དེ་ཉིད་ཀྱིས་རྗེ་ཉིད་ལ་སྦྱོང་ཁྲུས་རྒྱས་པར་སྩལ་བ་མནལ་ལྟས་སུ་ཤར་བ་དང༌། དུས་རྒྱུན་དུ་ཆོས་སྲུང་རྣམས་ལ་བཀའ་བསྒོ་ཕྲིན་བཅོལ་སོགས་བླ་མ་གོང་མའི་གསུང་ངར་པོ་དེ་དག་གསུངས་པའི་ཚེ། རྗེ་ཉིད་ཡི་དམ་དུ་གསལ་བའི་དབུ་གཙུག་གི་རིགས་བདག་དེས་གསུངས་པའི་ཐུགས་མོས་གནང་བ་བཞིན། སྐབས་ཤིག་ཆོས་སྡེར་པུ་ཏྲའི་བསྐང་བ་ལས་བཞི་ལྷུན་གྲུབ་ཀྱི་གནད་བསྐུལ་དེ་ལ་གོང་གི་སྤྱན་དམིགས་དེ་མཛད་པས་ཚོགས་གཤམ་ན་མོན་པའི་གཟུགས་བྱང་འབྲོག་གི་ཞྭ་མོ་གྱོན་པ་ཞིག་འཆམས་སྟབས་བྱེད་པ་གཟིགས་པ་དང༌། ས་སྐྱར་བཞུགས་སྐབས་མནལ་ལྟས་སུ། ལྷ་ཁང་མཐིལ་ན་ངོས་འཁོར་བཅས་ཕུར་པའི་འཆམས་སྦྱོང་བྱེད་ཅིང་འདུག་པ་ལ། ཁྲོམ་རྣམས་ཀྱིས་སྔགས་འཆང་ཆེན་པོ་ཕེབ་བྱུང་ཟེར་ཞིང་འུར་ཤོག་བྱེད་མུར་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཀུན་དགའ་རིན་ཆེན་སྐུ་འཁོར་རགས་བསྡུས་དང་བཅས་པ་ཞིག་ཕེབ་སྟེ། ཁོ་བོའི་ཁྲིའུ་ཤིང་དེ་ལ་འཁྱིལ་མཛད་ནས་བཻཌཱུརྻའི་ཞལ་དཀར་ཞིག་ཏུ་གསོལ་ཞོ་གསོལ་བ་དང་སྐུ་བགྲེས་ཉམས་ཀྱི་དབུ་སྐྲ་དང་ཞལ་རྒྱན་སྐྱ་