[A:༢༤༦]བུན་ནེ་བཞུགས་འདུག་པ་ལ་རྗེ་ཉིད་ཀྱིས་ཕྱག་དང་ཕྱག་དབང་ཞུ་བར་མཛད་ནས་ཐུགས་ལ་འདར་གདོང་འཁྲུགས་པའི་སྐབས་དེ་སྙན་གསན་ཕབ་ན་ཚར་ཆེན་རིན་པོ་ཆེ་ལ་བསླབ་དོན་ཅི་གནང་དགོངས་མུར་མནལ་ལྟས་གཞན་ཞིག་ལ་འབྱམས་སོང་གསུང་བ་དང༌། གཞོན་ནུའི་སྐབས་རྨོར་ཆེན་རྗེ་ལ་རྗེས་གནང་ཞིག་གསན་ཚེ་དུར་ཁྲོད་བདག་པོ་སྐུ་མདོག་ལྗང་གུ་ཡབ་ཀྱི་ཕྱག་མཚན་མདའ་གཞུ་རྒྱབ་ནས་འགེངས་པ་ཞིག་བྱུང་གསུང་པ་དང༌། ཡང་སྐབས་ཤིག་མནལ་ལྟས་སུ་རྔ་ཡབ་གླིང་ཕྲན་དཔལ་རི་པདྨ་འོད་དུ་ཕེབ་པ་ན། ལྕགས་རི་ཆེན་པོ་ཞིག་གི་ནང་ན་སྲིན་པོ་ཐམས་ཅད་བཅུག་པའི་སྒོ་དེ་བྱེ་ལ་ཁད་འདུག་པ་དང༌། སྒོ་དྲུང་ན་གྲུབ་དབང་ཐང་སྟོང་རྒྱལ་པོ་གྲོད་པ་ཆུས་བཀང་བ་ཞིག་དབུར་བཞག་ནས་བཞུགས་པ་ལ་སྒོ་ནང་ནས་སྲིན་པོ་མདོག་སེར་པོ་མཆེ་བ་གཙིགས་པ་ཞིག་རྗེ་ཉིད་ཀྱི་སྐུ་མདུན་དུ་རྒྱང་མཆོངས་པ་ན་གྲུབ་དབང་དེས་དབུ་ཐོག་གི་གྲོད་པ་འཕང་སོང་བས་སྲིན་པོ་སྔར་ཤུལ་དུ་ལོག་པ་ཞིག་བྱུང་གསུངས་པ་དང༌། དབུ་བླ་ཁ་རེག་ཆོས་རྗེ་བློ་བཟང་དོན་གྲུབ་གཤེགས་ནས་མ་འགྱངས་པར་ཐོ་རེངས་ཤིག་མནལ་དང་འོད་གསལ་འདྲེས་མུར་བླ་མ་དེ་ཉིད་སྐུ་མདུན་གྱི་ནམ་མཁར་ལུས་གནད་ཀྱིས་བཞུགས་ཏེ། སྤྱན་བར་སྣང་ལ་ནག་ཧྲིག་གེར་གཟིགས་པ་ཞིག་ཤར་བས། ལྟ་བ་ལ་གཞན་ལས་བོགས་ཐོན་པ་ཞིག་བྱུང་གསུང་བ་དང༌། ཡང་བྲག་རྫོང་མའི་ཁྲིད་གསན་སྐབས་ཤིག་སྔོན་འགྲོ་རྡོར་སེམས་སྒོམ་བཟླས་ལ་ནན་ཏན་མཛད་པས་སྐུ་སྨད་ཀྱི་ཆ་ལ་བསྙུན་ཟུག་དུམ་ཙམ་བྱུང་མུར་སྐུའི་གསང་བ་ནས་སྲོག་ཆགས་གདུག་པ་ཅན་ཞིག་གཟུགས་དམར་པོ་ཆེ་ཆུང་མི་གཟུགས་ཚད་ལྡན་གྱི་མཐེའུ་ཆུང་མའི་མགོ་ཙམ་ཞིག་ཐོན་