[A:༢༤༨]གསལ་པོར་ཤར་བྱུང་ཞེས་འགོད་ཚུལ་ཐོགས་མེད་དུ་སྩལ་ཞིང་ལྗང་རྩོམ་ཤ་ལོ་ཀ་གཅིག་ཀྱང་མཛད་པའི་ཁ་ཡིག་ཞལ་བྱང་དུ། རྒྱུན་ལྡན་མཁས་པའི་དམིགས་བུ་དང༌། བྲལ་བའི་ལོ་རྒན་གཟུ་ལུམ་པ། །སྲང་འཁྱམས་སྤར་ཚོད་སྟེས་དབང་གིས། །རྙེད་འདི་གཏེར་མཛོད་ལྡེའུ་མིག་འདྲ། །ཞེས་སྩལ་ཞིང༌། ཡང་སྐབས་ཤིག་བདེ་མཆོག་གི་བཟླས་སྒོམ་བགྱིད་དགོས་པའི་བསྐུལ་མ་འདི་ཡང་ཡང་འབྱུང་བ་ཞིག་བརྡ་སྟེ། ཁ་སང་ནས་ཀྱང་ཁམས་ཕྲུག་ཅིག་གིས་རྒྱ་མཐོངས་ཁ་འདིར་བདེ་མཆོག་གི་རྩ་སྔགས་དག་གསལ་འདོན་པ་ཞིག་བྱུང་གསུང༌། ཡང་མདང་ནུབ་རྨི་ལྟས་སུ་རྣལ་འབྱོར་མའི་ཐང་སྐུ་ཕྱག་གཡོན་གྱི་མཐིལ་ན་འོད་ཀྱི་གྲུ་གུ་ཞིག་སྣང་བ་ལས་འོད་ཟེར་འཕྲོས་པའི་སྣེ་ལ་བརྒྱུད་པའི་བླ་མ་རེ་རེ་བཞུགས་པ་རྣམས་ལའང་རྣལ་འབྱོར་མ་རེ་རེས་འཁྱུད་པར་སྣང་བས་རྒྱལ་བ་རྡོ་རྗེ་འཆང་གི་སྐུུ་ལ་ཆེད་ཀྱིས་བལྟས་དུས་རྣལ་འབྱོར་མ་སྐྲ་ཟིངས་པ་མཛེ་མོའི་རྣམ་པ་ལྟ་བུ་ཞིག་གིས་འཁྱུད་འདུག་གསུང༌། ཡང་སྐབས་ཤིག་ངོར་ཆེན་རྡོ་རྗེ་འཆང་གི་སྐུ་ཐང་རི་མོ་ཤིན་ཏུ་ལེགས་པ་ཞིག་བཀྲམ་འདུག་པར་ཞལ་ཁེབས་ཀྱིས་བཀབ་བྱུང་བར་རྩེ་གདོང་སྤྲུལ་པའི་སྐུ་འདྲ་བ་ཞིག་གིས་ཞལ་ཁེབས་ནམ་མཁར་འཕང་སོང་བ་དེ་འདྲ་ལན་གཉིས་གསུམ་བྱས་པ་ཞིག་བྱུང་གསུང༌། ཡང་ཡར་རྒྱས་བླ་མ་བསམ་གཏན་ཕུན་ཚོགས་ལ་ད་རང་ངེད་ཀྱི་རྨི་ལམ་དུ། སྔོན་གྱི་ཆོས་རྒྱལ་རྣམས་ཀྱི་ཆ་བྱད་ཅན་གྱི་མི་ཞིག་གིས་གཏམ་སྣ་ཚོགས་ཟེར་བ་འདྲ་ཞིག་བྱུང་བས། ཁྱེད་རང་མཁའ་སྤྱོད་མ་སྔར་ལུགས་བཞིན་གྱི་སྟེང་དུ་སྤྱན་རས་གཟིགས་ལ་ཡི་དམ་དུ་བྱས་ན་ལེགས་པ་འདྲ་གསུངས། ཡང་འདར་གྲོང་ཆེན་དུ་མུས་ཆེན་དང་མཁན་ཆེན་ཞལ་དཀར་བ་གཉིས་ལ་རྭ་ཁྲིད་གནང་