[A:༢༥༠]སྦྱིན་བདག་ཡག་པོ་ཡོད་པ་ནས་ཅུང་ཟད་ངོ་ཚ། ང་རང་ལ་རྟེན་བཞེངས་བྱུང་མ་བྱུང་ལ་ཁྱད་མེད་དེ། ཁྱོད་རྣམས་ལ་བྱེད་དཀའ་འོང་བ་འདྲ། དེའི་ཚེ་ན་ཞབས་དྲུང་ཐམས་ཅད་མཁྱེན་པ་བཞུགས་ཐོག་ལ་བཏང་ན་ལེགས་པ་འོང་གསུངས་ཤིང༌། འབུལ་སྡུད་ཐོན་ཁར་བཀའ་བཀོད་དུ་ཁྱི་ལོའི་ནང་དུ་སླེབས་པར་གྱིས། ཐ་མའང་ཕག་ལོའི་ནང་དུ་མ་སླེབས་ན་སྟབས་མེད་པས། དེ་དུས་མ་སླེབས་ན་རྒྱུའང་དགོས་དུས་ཕན་ཐོགས་པ་ཞིག་མི་འོང་བ་དང༌། ཁྱོད་རང་ཡང་མཐའ་ཁོབ་ཏུ་རྒྱུན་རིང་ན་སྡུག་པ་ལས་མེད་གསུངས་པ་དང་གཅིག་པར་མངོན། ཡང་མཁན་ཆེན་ཞལ་དཀར་བས་འདར་བསམ་འགྲུབ་ཏུ་མཇལ་བར་བྱོན་སྐབས། བཀའ་ལས། ཁྱེད་ཚར་ལུགས་འདི་ལ་བག་ཆགས་ཤིན་ཏུ་བཟང་བ་ཞིག་སྣང༌། མདང་ངེད་ཀྱི་རྨི་ལམ་དུ་ཐང་ཡངས་པོ་ཞིག་ལ་རྒྱལ་བ་རྡོ་རིང་པའི་སྐུ་འབྲི་བ་ཞིག་བྱུང་བ། དེ་རིང་རང་རེ་འཕྲད་པ་ལ་བརྟག་པར་འདུག་གསུངས་པ་བཞིན་མ་འགྱངས་པར་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གདན་ས་ཟུང་གི་མཁན་པོར་གྱུར་ཏེ། ཁའུ་བྲག་རྫོང་པའི་རིང་ལུགས་འདི་ལ་ཕན་ཞིང་ཕན་པར་འགྱུར་བའི་མཚན་མ་ཤིན་ཏུ་གསལ་བ་སོགས་གྲུབ་པ་ཆེན་པོའི་ས་ལ་བཞུགས་པའི་ལྟས་དང་གསུང་སྒྲོས་མང་བར་མཆིས་ཀྱང་འདིར་ཟིན་པ་དེ་ཙམ་མོ། །ཆེད་དུ་གཏད་པའི་མངོན་སྤྱོད་ཀྱི་རིགས་ཆེར་མི་མཛད་ཀྱང་རྡོ་རྗེའི་ཆོས་སྐྱོང་རྣམས་བསྐུལ་བ་ལ་མ་ལྟོག་པར་ཕྲིན་ལས་སྒྲུབ་པར་མཛད་དེ་ཆོས་སྡེའི་བསྟན་དགྲ་ཁ་རེ་དང༌། གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་པའི་སྐྱེ་བོ་སེར་སྐྱ་འགའ་ཞིག་ལ་རྟགས་མཚན་བྱུང་བའི་ལོ་རྒྱུས་མང་ཡང་ཞིབ་པར་འཆད་པ་སྐབས་སུ་མ་འབྲེལ། གཞན་ཡང་གཙང་དབུས་ཁམས་གསུམ་དུ་སྐྱེ་འགྲོ་