[A:༢༥༡]རྒྱལ་གདོན་གྱིས་ཉེན་པ་དུ་མའི་དོན་ཡང་བསམ་གྱིས་མི་ཁྱབ་པར་མཛད་མོད། ཞི་བ་བྱང་ཆུབ་ཀྱི་ཐུགས་ཁོ་ནའི་སྒོ་ནས་གཏོར་མ་སྦྱིན་ཞིང་བཀའ་བསྒོ་སྦྱོང་བ་སོགས་མཛད་པས། དེ་དག་ཞི་ཞིང་སླར་མི་འབྱུང་བ་ཡིན་ལ། དྲག་སྤྱོད་སོགས་ཡེ་མི་མཛད། ཆར་དབབ་གཅད་སོགས་ཐུན་མོང་གི་ལས་ཚོགས་རྣམས་ཀྱང་ཐོགས་མེད་དུ་འགྲུབ་ཅིང༌། སྐུ་ན་གཞོན་ནུའི་དུས་རྫས་སྔགས་ཀྱི་སྦྱོར་བ་སོགས་མཛད་པའི་ཚེ་ཆར་ཇི་ལྟར་དཀོན་ཡང་ཆར་འབེབས་རྫས་སྐྱེལ་བར་ཆར་རྡུང་མ་བྱུང་བ་མི་སྲིད་པ་ལྟ་བུ་དང༌། དུས་ཕྱིས་ཀྱང་ཆར་དཀོན་པའི་ཚེ་སྦྱོང་ཁྲུས་དང་ཆ་གསུམ་གཏོར་མ་རེ་མཛད་པའི་ཉིན་གསུམ་ཙམ་ན་ཆར་ཤིན་ཏུ་ཆེ་བ་འབབས་པ་མངོན་སུམ་དུ་མཐོང་བས་དམ་པ་འདི་ཉིད་གང་དུ་བཞུགས་པའི་ཕྱོགས་སུ་ཆར་ཆུ་ཕུན་སུམ་ཚོགས་པར་འབྱུང་བ་ཡིན་ལ། །༈ ཡང་ཞབས་གྲས་ཨེམ་ཆི་ཤེས་རབ་རྒྱ་མཚོ་སོགས་ཁ་ཤས་ལ་སྨན་གྱི་ལྷ་མོའི་རྗེས་གནང་གནང་སྐབས་གླ་རྩི་ལྟ་བུའི་དྲི་བསུང་ཀུན་གྱིས་ཚོར་བ་བྱུང་བ་ནི། སྨན་དཔྱད་ཀྱི་སྒོ་ནས་འགྲོ་དོན་རྒྱ་ཆེར་མཛད་པས་སྐུ་དང་གྲིབ་མ་ལྟར་འགྲོགས་པའི་ལྟས་སམ་སྙམ་པ་དང༌། ལྷག་པར་ཐུགས་རྗེ་ཆེན་པོའི་མིག་འབྱེད་ཀྱི་སྒོ་ནས་གཙང་དབུས་ཀུན་ཏུ་སྨན་པས་བོར་བའི་ཉམ་ཐག་དུ་མར་གསལ་བྱེད་ཀྱི་དགའ་སྟོན་སྩལ་བས་སྨན་པ་རྣམས་ཀྱང་ཡ་མཚན་གྱི་དཔལ་ལ་བཀོད། ཕྱི་ལྟར་བྱང་ཆུབ་ཀྱི་ཐུགས་འབྱོངས་པ་དང༌། ནང་ལྟར་གདམས་པའི་ཟབ་གནད་གཞན་དང་མི་འདྲ་བས་དྲེགས་ལྡན་དུ་མས་ཞབས་ལ་འདུད་པ། ལེགས་སྐྱེས་འབུལ་བ། བཀའ་བཞིན་སྒྲུབ་པར་དམ་བཅའ་བ་སོགས་དང༌། ཡུལ་ཕྱོགས་གང་དུ་བཞུགས་ཀྱང་གཞི་བདག་གིས་