[A:༢༥༦]་ཤུགས་ཀྱིས་ལོག་རྟོག་གི་བྲག་རི་བསྙིལ་ཚུལ་ཡང༌། རྣམ་འདྲེན་དམ་པ་དེ་ཉིད་ནི་འཇམ་པའི་དབྱངས་དངོས་སུ་མཆིས་ཤིང༌། སྐུ་ཕྲེང་དུ་མར་པཎྜི་ཏའི་སྐུ་སྐྱེ་བརྒྱུད་མར་བཞེས་པས་སྐྱེས་སྟོབས་ཀྱི་ཐུགས་གསལ་ཁོ་ནས་སྐུ་ཕྲེང་འདིར་རིགས་གཞུང་ལ་སྦྱོང་བ་གཏན་མ་མཛད་ཀྱང༌། གཞུང་ལུགས་དུ་མའི་འགལ་འགྲེལ་གཅོད་པ་ལ་མཁྱེན་རབ་ཀློང་དུ་གྱུར་མོད། འོན་ཀྱང་སྙིགས་མའི་རང་མདངས་ཆེས་ཆེར་བདོ་བའི་སྐབས་འདིར་གདུལ་བྱའི་མོས་ངོ་དང་མཐུན་པར་རྩོད་ཡིག་དང་ཟུར་ཟའི་རིགས་ལ་ནན་ཏར་མི་དགྱེས་ཤིང་སྤྲོས་པ་མི་མཛད་ཀྱང༌། དོན་ལ་ནི་དེ་དག་ཀྱང་ཕུལ་དུ་ཕྱིན་པ་ཞིག་སྟེ། དཔེར་མཚོན་ན་སྐུ་ན་ཕྲ་མོའི་སྐབས་ངོར་པ་དགེ་སློང་སངས་རྒྱས་ལྷུན་གྲུབ་བམ། འདན་མ་རབ་འབྱམས་པར་གྲགས་པའི་ཡོན་ཏན་དང་རང་སྣང་ཅན་དེ་རྗེ་བསོད་ནམས་སྣང་བྱེད་དྲུང་དུ་བྱོན་པར་དེ་གཤེགས་པས་སྐུ་ཞབས་ནས་མཁའ་སྤྱོད་མའི་བཀའ་ཁྲིད་གནང་སྐབས། དགེ་སློང་ནས་ཁྲིད་འདིའི་བརྒྱུད་པར་བཅོ་བརྒྱད་རྗེ་དང༌། རྨོར་ཆེན་གཉིས་བཞུགས་པ་ལེགས་སམ་ཟེར་བར། དེ་ཁ་ཡིན་གནང་བར། ཨ་ཁ་ཟེར། ཅི་ཡིན་གསུང་པས། ཁོང་དཔོན་སློབ་ཕྲིན་ལས་ཆེས་པས་ཡུན་བསྲིངས་ཏེ་བསྒོམ་ལོང་བྱུང་མེད་འགྲོ་བས་ཉམས་ཁྲིད་གཤའ་མར་ཨི་འགྲོ་ཟེར་བར། རྗེའི་གསུང་གིས། དེ་ལྟར་ན། ས་པཎྜི་ཏ་དང་འཕགས་པ་རིན་པོ་ཆེའི་ཚོད་ཁོང་གཉིས་ཀྱི་ཕྲིན་ལས་བྱིས་པའི་རྩེད་མོ་དང་འདྲ་བས་འཕགས་པ་ཁུ་དབོན་ནས་བརྒྱུད་པའི་ཁྲིད་ལ་ཁྱོད་ལོག་རྟོག་དེ་ལྟར་མཛད་དམ། གསུངས་པས། ཤིན་ཏུ་མད་ཟེར་མཆི་མ་འདོན་བཞིན་དུ་ཕྱག་མང་པོ་འཚལ་བ་སོགས་ཀྱིས་མཚོན། མཁས་པ་སུ་ཞིག་ཞབས་དྲུང་དུ་འོང་བ་རྣམས་