[A:༢༥༧]ཀྱིས་དཀའ་གནད་ཀྱི་དོན་ལ་དོགས་གཅོད་གང་ཞུས་པ་རྣམས་ལ་མཐའ་ཆོད་ཅིང་དོན་འགྲེལ་བའི་གསུང་གིས་ཐེ་ཚོམ་དང༌། ལོག་རྟོག་གི་དྲི་མ་བསལ་ཏེ། ངེས་པའི་དོན་ལ་སྦྱོར་བར་མཛད་པ་ནི་དཔྱོད་ལྡན་གཟུར་གནས་ཀུན་ལ་མངོན་དུ་གྱུར་པ་ཡིན་ལ། གསུམ་པ་རྩོམ་པ་ཉིན་མོར་བྱེད་པའི་འོད་ཕྲེང་གིས་བསྟན་པའི་པད་ཚལ་རྒྱས་པར་མཛད་པའི་ཚུལ་ནི། ཚིག་རྒྱན་གྱི་བསྟན་བཅོས་མེ་ལོང་ལས། སྙན་ངག་དམ་པའི་རྒྱན་འདི་ནི། །བསྐལ་པའི་བར་དུ་གནས་པར་འགྱུར། །ཞེས་གསུངས་པ་ལྟར། རྩོམ་པ་པོ་ཚད་ལྡན་གྱིས་བསྐྲུན་པའི་བསྟན་བཅོས་རྣམས་ནི། མ་འོངས་པ་ཇི་སྲིད་བསྟན་པ་གནས་ཀྱི་བར་དེ་སྲིད་དུ་རྒྱུན་མ་ཉམས་པར་གནས་པས་བསྟན་པ་ཡུན་རིང་དུ་མི་ནུབ་པའི་རྒྱུ་དང༌། མཁས་པས་ཡང་དག་སྦྱར་བ་ཡི། །ངག་ནི་ངག་གི་འདོད་འཇོར་བཤད། །ཅེས་གསུངས་པ་ལྟར། བླ་མ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་པ་དང༌། རྒྱལ་བའི་བཀའ་དྲི་མ་མེད་པ་དག་གི་དགོངས་དོན་གསལ་བའི་ཕྱིར་དགོས་སོགས་ཆོས་ལྔ་ལྡན་ལས་བརྩམས་ཏེ་འཕགས་ཡུལ་གྱི་གནས་ལྔ་རིག་བའི་པཎྜི་ཏ་ཆེན་པོ་རྣམས་ལ་གྲགས་པ་ལྟར་སྡེབ་སྦྱོར་གྱི་གཙུག་ལག་དང་མཐུན་པར་བརྩམས་ནས། རྩོམ་པ་ཁོ་ན་ལ་བརྟེན་ནས་ལྷག་པའི་ལྷ་ཞལ་སྟོན་པ་དང༌། ཆོས་ཀྱི་གནས་ལུགས་མངོན་སུམ་དུ་མཐོང་བ་ལ་སོགས་པ་རང་དོན་ཕུན་སུམ་ཚོགས་པ་འགྲུབ་ཅིང༌། དོན་དུ་གཉེར་བ་གཞན་དག་ཡུལ་མཆོག་ལ་མ་དད་པ་དད་པ་དང༌། དད་པ་རྣམས་ཕྱིར་ཞིང་འཕེལ་བར་འགྱུར་བ་དང༌། མདོ་རྒྱུད་བསྟན་བཅོས་དང་བཅས་པའི་དགོངས་དོན་བདེ་བླག་ཏུ་རྟོགས་ནས་གཞན་ལའང་ཚུལ་བཞིན་