[A:༢༥༥]འདི་ཡིན། རྒྱ་གཞུང་དང་བོད་གཞུང་འདི་སྙེད་ཅིག་མཆིས་པས་དེ་རྣམས་བབས་བསྒྲིགས་ནས་བླ་མས་ཀྱང་བཤད། སློབ་མས་ཀྱང་དོན་གཉེར་ཆེན་པོའི་སྒོ་ནས་མཉན་ཏེ་ཆོས་ཀྱི་བབས་གོ་བར་བྱས་ན་འཆད་ཉན་རྣལ་མ་ཞིག་འོང་བ་ཡིན་གསུངས་ཤིང༌། གཞན་ལ་དབང་ཁྲིད་སོགས་མཛད་པའི་ཚེ་རྒྱས་འབྲིང་བསྡུས་གསུམ་གྱི་གསུང་བཤད་ཆུ་འབབས་ལྟར་དང༌། དམིགས་པའི་གནད་ཕྲ་མོ་ཚུན་ཆད་ཀྱང་མ་ཆད་པ། གོང་འོག་མ་འདྲེས་ཤིང༌། མ་འཆོལ་བ། གསལ་ཞིང་རྟོགས་སླ་ཡིད་ལ་འཇེབས་པ། བཀའ་ཁྲིད་ལྟ་བུའི་སྐབས་ཀྱང༌། དང་པོ་ས་བཅད་ལས་ཇེ་རྒྱས་སུ་འགྲོ་བ་མ་གཏོགས། ས་གཞུང་མི་མཚུངས་པའི་ཧོལ་ཁོངས་སོགས་མི་འབྱུང་བར་མ་ཟད། རང་ལུགས་གང་ཡིན་རྒྱས་ཤིང་མཐའ་ཆོད་པར་གསུངས་པ་ལས། གཞན་ལུགས་ལ་ཟུར་མི་ཟ་ཞིང༌། གྲུབ་མཐའ་སོ་སོའི་ཉེར་མཆོད་སྒྲིག་ཚུལ་གྱི་བར་མ་འདྲེས་པར་མཛད་པ་སོགས། མདོར་ན་ཁའུ་བྲག་རྫོང་པའི་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་ཇི་ལྟ་བ་བཞིན་མཆིས་ཤིང༌། ཁྱབ་བདག་བཀའ་འགྱུར་བའི་རྟོགས་བརྗོད་ལས། སྐུ་ཆེ་བའི་ཡོན་ཏན་བརྗོད་སྐབས་སུ་གསུངས་པ་རྣམས་སྐྱབས་མགོན་དམ་པ་འདི་ཉིད་ལ་ཡོངས་སུ་རྫོགས་པར་མངའ་བ་ཡིན་པས། བདག་སོགས་གདུལ་བྱ་རྣམས་ཆོས་ཞུ་བར་བཅར་བའི་ཚེ་ཡིད་དགའ་ཡལ་ལེ། ཤེས་པ་སྤྲོ་སིང་ངེ་བའི་ངང་ནས་ཆོས་ཐུན་ཡུན་རིང་པོ་ཇི་ཙམ་མཛད་ཀྱང་དུབ་པའི་རྣམ་པ་ཅུང་ཟད་ཀྱང་མེད་ཅིང༌། ངེད་རང་ལྟ་བུ་བློ་རྨོངས་ཀྱི་རིགས་རྣམས་མིག་ཕྱེ་བ་ལྟར་འགྱུར་བ་སོགས་གཞན་དུ་ལོ་བརྒྱར་སྦྱངས་པ་བྱས་པ་ལས། རྗེའི་དྲུང་དུ་ཆོས་ཐུན་གཅིག་ཉན་པ་དོན་ཆེའོ། །རྩོད་པ་རྡོ་རྗེའི་