[A:༢༥]ཕེབ་པ་དེ་ན། ང་ཁྱུང་པོ་རྣལ་འབྱོར་ཡིན་གསུང་འདུག །དེས་ན་ཚར་ཆེན་རིན་པོ་ཆེའང་དེ་ཁ་ཡིན་གསུང་ཞིང༌། དེའི་འཕྲོས་ལས། ལྷ་སའི་ནུབ་མ་གིར་བོང་བུར་སྐྱེས་ནས་ངལ་དུབ་ཐང་ཆད་ཀྱིས་ཉལ་ཏེ་མིག་བཙུམས་ནས་ཡོད་འཕྲོར། ཤར་ཕྱོགས་སུ་བལྟས་པས་རྐྱང་ཐང་སྒོང་སྐྱ་ཆུར་རེ་འདུག་པ་མཐོང་བས་སེམས་སྐྱོ་ནས་མཆི་མ་བྲུལ་བྱུང་བ་ཞིག་གསལ་པོར་འདུག་གསུངས་པ་དང༌། ཡང་སྐབས་ཤིག་ཁོ་བོ་ལ་ས་སྐྱར་བཀའ་ཆོས་གནང་སྐབས། གསུང་ལས། པཎ་ཆེན་གང་བ་སྤེལ་དུ་སྐྱེས་པ་འདྲ་སྟེ། སྐབས་ཤིག་རྨི་ལམ་དུ་བཀྲ་ཤིས་ཆོས་སྡེའི་སྡེ་ཡངས་ན་ཁྲི་ཆེན་པོ་ཞིག་གི་སྟེང་དུ་གང་བ་སྤེལ་འདྲེན་ཆས་དང་བཅས་པར་བཞུགས་ནས་མཛོད་ཀྱི་བཤད་པ་མཛད་ཅིང་འདུག་པ་ལ། མངོན་པའི་བཤད་པ་དེ་ལེགས་མིན་ཇི་འདྲ་འོང་སྙམ་ངེད་རང་གིས་ཐོག་ཁ་ནས་བལྟས་པས། རླུང་པོ་ཞིག་གིས་པཎ་ཆེན་གྱི་སྐུ་པང་དེ་ལིང་ངེར་བྱས་སོང་བ་ན། ངོ་ཚ་ཉམས་བྱེད་པ་ཞིག་བྱུང་གསུང་བ། འདི་དག་ལ་དཔག་ན་གང་བ་སྤེལ་དང་ཚར་ཆེན་གཉིས་ཆར་དུ་ཞལ་གྱིས་བཞེས་ཤིང༌། མནལ་ལམ་དུ་བྱུང་བར་མ་ཟད། མངོན་པར་མཛོད་གྱི་ཕྱག་དཔེ་འབྲལ་མེད་ལྟ་བུར་མཛད་ཅིང༌། དེའི་ཚིག་དོན་ལ་མཁྱེན་རབ་ཕུལ་དུ་བྱུང་བས་ན། དེའང་སློབ་དཔོན་དབྱིག་གཉེན་གྱི་དངོས་སློབ་མངོན་པ་རང་ལས་མཁས་པ་བློ་གྲོས་བརྟན་པའི་སློབ་མ་མངོན་པར་ལ་ཤིན་ཏུ་མཁས་ཤིང་མཛོད་ལ་འགྲེལ་བཤད་མཛད་པའི་པཎ་ཆེན་གང་བ་སྤེལ་དེ་ཉིད་དང༌། དཔལ་ལྡན་ཆོས་གྲགས་ཀྱི་རྣམ་སྤྲུལ་ཡིན་པ་ནི། གྲུབ་དབང་ཐང་སྟོང་རྒྱལ་པོའི་དབོན་བརྒྱུད་རི་བོ་ཆེའི་མཁན་རིན་པོ་ཆེ་བློ་བཟང་སྟོབས་