R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༦
[A:༢༦]ལྡན་དཔལ་འབྱོར་གྱི་དག་སྣང་ལུང་བསྟན་དུ། སྔོན་གྱི་དཔལ་ལྡན་ཆོས་གྲགས་དེ། །མཁས་གྲུབ་མང་པོ་རིམ་བརྒྱུད་དེ། །ད་ལྟ་ཀུན་དགའི་མཚན་ཅན་འདིར། །ཚད་མའི་བག་ཆགས་མང་དུ་སད། །སྦྱོང་མི་དགོས་པའི་བློ་ཚོགས་རྒྱས། །ཤེས་བྱ་རིག་པའི་གནས་ལྔ་ལ། །བློ་སྟོབས་ཤེས་རབ་དཔའ་རྩལ་རྒྱས། །ཞེས་གསུངས་པ་ལྟར། སློབ་དཔོན་འདི་ནི་རྒྱ་གར་ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུ་ཞེས་པར་མུ་སྟེགས་ཀྱི་བྲམ་ཟེའི་རིགས་སུ་འཁྲུངས་ཏེ། ཆུང་ངུ་ནས་སྒྲ་མཁས་པར་མཁྱེན། ཞང་པོས་རབ་བྱུང་གི་ཆས་མ་སྟེར་བ་ལ་ཁྲོས་ནས་མུ་སྟེགས་ཕམ་པར་བྱའོ་སྙམ་སྟེ་ནང་པའི་བསྟན་པ་ལ་རབ་ཏུ་བྱུང་ནས། དབང་ཕྱུག་སྡེ་ལས་ཚད་མ་ཀུན་བཏུས་ཚར་གསུམ་གསན་པའི་གཉིས་པ་ལ་སློབ་དཔོན་ལས་ཀྱང་མཁས་པར་གྱུར་པས། སློབ་དཔོན་གྱིས། ཁྱོད་ཀྱིས་ངའི་གྲུབ་མཐའ་ནོར་བ་ཕྱོགས་སྔར་བཟུང་ལ་ཀུན་བཏུས་ཀྱི་འགྲེལ་པ་རྩོམས་གསུངས། ཆོས་གྲགས་ཀྱིས་ཀྱང་གྲངས་ཅན་གྲུབ་མཐའི་གསང་ཚིག་ཤེས་ཆེད། ཞང་པོའི་ཆུང་མའི་གཡོག་བྱས་ཏེ། དེའི་ངག་བཞིན་ཉན་ནས་གནད་རྣམས་དྲིས་པས་མཁྱེན་པ་དང༌། མཁས་པ་ཡོད་ན་རྩོད་པར་བྱེད་དོ་ཞེས་བསྒྲགས་པས་ཕར་ཆེར་བྲོས། རྩོད་པ་བྱས་པ་རྣམས་རིག་པས་ཚར་བཅད་དེ་ཆོས་ཀྱི་ལམ་ལ་བཀོད། རྒྱལ་པོ་མེ་ཏོག་རྒྱས་པས་མཁས་པ་སུ་ཡོད་དྲིས་པ་ན། མཁས་པ་ཡོད་ཚུལ་གྱི་ཚིགས་བཅད་མཐར། ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ཞེས་གསུངས་པས་དད་དེ་སྦྱིན་བདག་བྱས་ནས་སྡེ་བདུན་དང་རྣམ་འགྲེལ་གྱི་ལེའུ་དང་པོའི་འགྲེལ་པ་མཛད་ནས་མཁས་པའི་གྲལ་