[A:༢༤]ཏེ། གྲོང་གསེབ་ཏུ་ཆང་བུམ་བསྒྲིགས་ནས་སློབ་དཔོན་བྱོན་པའི་ཚེ་སྤྲུལ་པའི་སྲས་དང་སྲས་མོ་གཡས་གཡོན་དུ་རྒྱུག་ཅིང༌། ཇོ་མོས་ཆང་བུམ་བཏེག་སྟེ་རྭ་བཤོར་དུ་བླུགས་པ་གསོལ་ཞིང་བྱོན་པ་ན། རྒྱལ་པོས་སྤྱན་དྲངས་ཚེ་མི་འོང༌། ཆང་འཚོང་མའི་བུ་མོས་བོས་ན་འོང་བ་ཞེས་ཐམས་ཅད་ཀྱིས་ཁྲེལ་བཏབ་པས་རྭ་བཤོར་བརྡབས་པས་རིམ་བདུན་ས་འོག་ནས་ཆུ་བྱུང་སྟེ། སློབ་དཔོན་ཉིད་ཧེ་རུ་ཀར་བྱས། ཇོ་མོ་ཕག་མོ། སྲས་རྡོ་རྗེ་དང༌། སྲས་མོ་དྲིལ་བུར་བསྒྱུར་ནས་ནམ་མཁར་གཤེགས་པ་ན། ཀུན་གྱིས་བཟོད་པར་གསོལ་བས་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་གསུངས་པ་དང༌། དེ་བཞིན་བྱས་པས། ཆུའི་དབུས་ནས་ཐུགས་རྗེ་ཆེན་པོའི་སྐུ་རང་བྱུང་ཞིག་བྱོན་ཏེ། དེ་ལ་ཆུས་བསྐོར་བ་ལན་བདུན་བྱས་ནས་ཆུ་ས་འོག་ཏུ་ཐིམ། ཡུལ་ཕྱོགས་དེ་ཐམས་ཅད་རྡོ་རྗེ་ཐེག་པ་ལ་བཀོད་དོ། །ཡང་པཎ་ཆེན་གང་བ་སྤེལ་དུ་ཞལ་གྱིས་བཞེས་པའང༌། ཆུ་སྤྲེལ་ལོར་འདར་གྲོང་ཆེན་དུ་མཁའ་སྤྱོད་མའི་ཁྲིད་སོགས་ཆོས་འཁོར་བསྐོར་ཚེ། ཉིན་གཅིག་ཞལ་སློབ་ཀྱི་གྲས་རྫོང་རི་རབ་འབྱམས་པ། ལྷ་རྩེ་ཆོས་སྡེའི་དབུ་བྱེད་བློ་བཟང་འགྱུར་མེད། ས་དམར་ཆོས་མཛད་སྐལ་བཟང་ཕུན་ཚོགས་གསུམ་ལ་གསོལ་ཇ་དང་གུང་ཚིགས་གསོལ་རས་སྩོལ་སྐབས། དབུ་བྱེད་དེས་སྐུ་ཞབས་ཀྱི་རྣམ་ཐར་སྐུ་ཕྲེང་གསོལ་འདེབས་དང་བཅས་པ་ཞིག་ལྗགས་རྩོམ་ཞུས་པས། གསོལ་འདེབས་འོང་མིན་གྱི་ལན་ཅིའང་མི་གསུང་བར། རྒྱ་གར་དུ་མཛོད་ལ་འགྲེལ་བཤད་མཛད་པའི་སློབ་དཔོན་གང་བ་སྤེལ་དེ་ཡིན་པ་གསལ་པོར་འདུག་གསུངས་ནས། རྫོང་རི་རབ་འབྱམས་པ་ལ་སྤྱན་ཆེར་གཟིགས་ཏེ། རི་བོ་ཆེའི་མཁན་ཆེན་དེ་ལ་མཁའ་འགྲོའི་གསང་ལུང་མང་པོ་