[A:༢༦༡]འཛིན་པའི་ཞལ་སློབ་ནམ་མཁའི་སྐར་ཚོགས་ལྟ་བུ་མཆིས་པ་དེ་དག་རེ་རེ་ནས་འབྲི་བ་ག་ལ་ལངས། འོན་ཀྱང་གདུལ་བྱ་རྣམས་ཀྱི་དད་པའི་གསོས་སུ་རགས་རིམ་ཙམ་སྨོས་ན། འཛམ་གླིང་བསྟན་པའི་མངའ་བདག་རྒྱལ་དབང་རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཚབ་འཁྲུལ་པའི་དྲི་མ་ཟད་པར་སྤངས་ཤིང་མཐའ་དབུས་བསྟན་འགྲོའི་ཉེར་འཚོ་བླ་ན་མེད་པ་དེ་མོ་རིན་པོ་ཆེ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ། བདག་ཅག་གི་དྲིན་ཅན་རྩ་བའི་བླ་མ་དམ་པ་སྙིགས་དུས་བསྟན་པའི་ཉི་མ་ཐར་རྩེ་རྡོ་རྗེ་འཆང་ནམ་མཁའི་མཚན་ཅན། རིས་མེད་འགྲོ་བའི་འདྲེན་པ་འཇམ་མགོན་དཔལ་ལྡན་ཆོས་སྐྱོང༌། ཨེ་ཝཾ་མཁས་པའི་དབང་པོ་འཇམ་དབྱངས་ཆོས་ཀྱི་བླ་མ་སངས་རྒྱས་ཡེ་ཤེས། ཟབ་དོན་ནོར་བུའི་བང་མཛོད་བྲག་རྩ་རྡོ་རྗེ་འཆང་བློ་གསལ་བསྟན་འཛིན་རྒྱ་མཚོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཆེན་ཆོས་ཀྱི་རྗེ་རིན་ཆེན་མི་འགྱུར་རྒྱལ་མཚན། ཁོ་བོ་ཅག་མཆེད། གཞོན་ནུ་ཉིད་ནས་མཁས་གྲུབ་ཀྱི་རྣམ་ཐར་བདག་གིར་བཞེས་པས་རྡོ་རྗེ་འཆང་དེ་ཉིད་ཀྱི་ཐུགས་སྲས་གཅེས་སྤྲས་སུ་མཛད་ཅིང་བསྔགས་པའི་མེ་ཏོག་ཡང་ཡང་འཐོར་བར་མཛད་པ་བཅོ་བརྒྱད་གདུང་རིན་པོ་ཆེ་དགའ་ཆེན་ཁྱབ་བདག་སྙིང་པོ། ལྕེ་རིགས་མཁས་གྲུབ་དམ་པའི་རྒྱུད་ལས་བྱོན་པ་བཅོ་བརྒྱད་བླ་བྲང་གི་ད་ལྟའི་ཞལ་ངོ་གཉིས། གྲུབ་དབང་ཐང་སྟོང་རྒྱལ་པོའི་གདུང་འཛིན་གཅུང་རི་བོ་ཆེ་པ་སྐུ་མཆེད། བློ་བཟང་སྟོབས་ལྡན་དཔལ་འབྱོར་དང༌། ངག་དབང་ཡང་གྲགས། མཐུ་སྟོབས་དབང་ཕྱུག་ཁམས་སྟོན་སངས་རྒྱས་རྒྱ་མཚོ་སོགས་མདོ་ཁམས་ཁུལ་གྱི་བླ་མ་མཁས་གྲུབ་དུ་མ་དང༌། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་གདན་ས་པ་བོད་