R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༦༥
[A:༢༦༥]ཆག་གསོ་དཀའ་བ་རྣམས་ལ་ཅུང་ཟད་ངེས་པར་འབྱུང་བ་དང༌། ཞིང་འདིའི་སྐུ་དངོས་ཀྱིས་གདུལ་བྱ་རེ་ཞིག་དེ་ཙམ་གྱིས་རྫོགས་ནས། ཞིང་ཁམས་རྒྱ་ཆེ་བ་གཞན་གྱི་དོན་མཛད་པར་དུས་ལ་བབས་པ་ན་དེ་ལྟའི་སྣང་ཚུལ་སྟོན་པར་བཞེད་དེ། དེའང་འདི་ལོ་སྐུ་དཀྱིལ་སྔར་ལས་ལྷག་པར་དྭངས་ཤིང༌། ཆོས་འཆད་སོགས་ལ་ཐུགས་སྤྲོ་བ་ལྟར་མཛད། སྤྱན་ཅུང་ཟད་མི་གསལ་བའི་རྣམ་པས་ཕྱག་དཔེ་ཡི་གེ་ཕྲ་བ་རྣམས་མི་གཟིགས་པ་ལ། ཐུགས་རྗེ་ཆེན་པོའི་མིག་འབྱེད་ཀྱི་གདམས་པས་གཞན་ལ་ཕན་པ་དགའ་མོ་བྱུང་སྟེ། ཁོ་བོ་རང་ལ་ཆེར་མ་ཕན་པར་འདུག །མིག་གིས་དཔེ་ཆ་མ་མཐོང་ན་དེ་ཁས་རྩལ་རྫོགས་པ་ཡིན། ད་རང་ཚེ་རིང་བར་དགའ་རྒྱུ་མེད་ཅེས་སོགས་ཐུགས་ངེས་འབྱུང་གི་རྣམ་པ་ཁོ་ནར་མཛད། མྱོས་ལྡན་ཞེས་པ་ས་ཡོས་ལོ་ཟླ་བ་བཅུ་གཅིག་པའི་ནང་ཕྱག་མཛོད་འཇམ་དཔལ་རྒྱ་མཚོ་ཤིན་ཏུ་བྲོ་འཚལ་སྐབས་གསུང་འཕྲོས་ཀྱི་ལྷོངས་སུ། ད་ལམ་སྐུ་ཞབས་ཞབས་པད་བརྟན་རིང་ཤིའང་མི་འགྱོད་ཚུལ་ཞུས་པར། སྐྱག་རེ་ལ། ཨ་ཁྱོད་དེ་འདྲ་བྱས་པས་མི་འོང༌། གནས་གསར་བ་གདུང་གིས་འཛིན་ཡང་ད་ཆ་གདུང་ནི་མེད། ང་ཤི་ན་སྐྱེ་བ་རྩད་གཅོད་འདྲའང་བྱེད་དགོས་གསུངས༌། ཚེ་དབང་སྟོང་རྩ་ཞིག་ནན་ཏན་ཆེན་པོས་མཛད་པས་བྲོ་འཚལ་བ་ལས་མྱུར་དུ་གྲོལ། སྐབས་གསེང་གསུང་གི་ལྷོངས་སུ་སྙན་བརྒྱུད་ཀྱི་བསྟན་པ་ཉག་ཕྲ་ཚུལ་གསུངས་ཤིང༌། ད་ནི་སྐྱེ་བ་འདྲ་བྱུང་ཡང་གསང་སྔགས་གསར་རྙིང་གི་ཟབ་ཆོས་འདི་རྣམས་ཞུ་སའང་དཀོན་པོ་འོང་བ་འདྲ་ཞེས་དང༌། ཐར་རྩེ་རྡོ་རྗེ་འཆང་དེ་ཉིད་ས་ལུགས་ཀྱི་བསྟན་འཛིན་འགྲན་མེད། ཧ་ཅང་གི་སྐུ་ནར་སོན་པ་