[A:༢༦༦]ཞིག་མིན་ཀྱང་ཤིང་ཁྱི་ལོར་ཞིང་གཞན་དུ་གཤེགས་པ་དང༌། ངོར་ཆེན་དཔལ་ལྡན་ཆོས་སྐྱོང་སླར་ཡང་མདོ་ཁམས་སུ་ཕེབ་སྟེ་བསྟན་འགྲོའི་དོན་ཆེན་མཛད་བཞེད་དེའང་ས་ཡོས་ལོར་བར་ཆད་དུ་སོང་བ་དང༌། འཁོན་རིགས་འཛིན་པ་ངེད་རང་གི་ནུ་བོ་རྒྱན་མཆོག་དེ་མེ་གླང་ལོར་ཚེ་མཐར་མ་ཕྱིན་ཞིང༌། དེ་དག་གི་སྔོན་དུ་བཅོ་བརྒྱད་གདུང་རིན་པོ་ཆེ་མཁས་གྲུབ་དམ་པ་མྱུར་དུ་འབྱུང་ཉེ་དེའང་གློ་བུར་དུ་གཤེགས་ཤིང༌། ས་སྐྱ་པའི་གདུང་ཉག་ཕྲ་བ་སོགས་རང་ལུགས་ལ་ཤིན་ཏུ་ཡ་ང་བའི་སྐབས་དེ་དག་གསུངས་པ་དང་ཆབ་ཅིག །ད་ནི་རང་རེ་ས་སྐྱ་པའི་རེ་བར་ཁོ་བོ་ཁོ་ན་ལས་མེད་ཚུལ་སོགས་ཐུགས་ངལ་གྱི་རྣམ་པ་དཔག་མེད་མཛད། དེ་ལྟའི་སྐབས། ལྷ་ལྡན་དུ་གསུང་ཆོས་ཀྱི་སྙན་གསན་ཕུལ་བ་ཞལ་གྱིས་བཞེས་པ་རྣམས་ཀྱང་ཕལ་ཆེར་རྫོགས་པར་མཛད། སྡེ་པ་སྐུ་ཚར་ཡང་ཉིན་པར་གཞུང་ཞབས་ཀྱི་ཐུགས་བྲེལ་སྟབས་གནང་མ་ཐུབ་ཀྱང༌། ནུབ་མོ་ཟབ་ཆོས་ཀྱི་རིགས་ཀྱང་སྩལ། བོད་ཕྲུག་ཆོས་རྗེ་སོགས་འདུས་པ་ཉུང་ཤས་ལ་བི་མ་སྙིང་ཐིག་གི་དབང་ལུང་རྣམས་སྩལ་སྐབས། ནུབ་ཅིག་འོད་གསལ་གྱི་ངང་དུ་འཇའ་ཚོན་ཁ་དོག་ལྔ་ལྡན་ཞིག་ནམ་མཁའི་དབྱིངས་ནས་སྐུ་མདུན་བར་ཐལ་ལེར་ཟུག་ཅིང༌། དེ་ལ་ཆེར་གྱིས་གཟིགས་པས་ཐུགས་བདེ་སྟོང་གི་ངང་དུ་ཆམ་གྱིས་སོང་བ་ཞིག་བྱུང་གསུངས། ལྷ་ལྡན་དུ་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་གནང་སྐབས། ཁོ་བོའི་རྨི་ལམ་དུ་སྟག་རྩེ་རྒྱ་ར་ཡིན་སྙམ་པའི་ཁང་པ་དང་ལྷ་ཁང་ངེད་རང་གི་ཁྲི་སོགས་ཇི་ལྟ་བ་བཞིན་འདུག་པར་ངེད་རང་ཁང་པའི་ཕྱིར་འཁོད་ཀྱང་རྩིག་པ་སོགས་ལ་སྒྲིབ་གཡོགས་མེད་པར་ཟང་ཐལ་གྱིས་མཐོང་ཞིང༌།