R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༦༤
[A:༢༦༤]འཛིན་མཁས་གྲུབ་དུ་མ། བཤད་སྒྲུབ་ཀྱི་སྒོ་ནས་རྒྱལ་བའི་རིང་ལུགས་སྤེལ་བའི་དགེ་འདུན་གྱི་སྡེ། བསྟན་པའི་སྦྱིན་བདག་རྒྱལ་བློན་སོགས་སྐལ་ལྡན་གྱི་གདུལ་བྱ་བསམ་གྱིས་མི་ཁྱབ་པ་བསྐྲུན་པར་མཛད་པའི་རིགས་ཅན་དེ་རྣམས་ལས། རབ་དང་ཕུལ་དུ་གྱུར་པ་རྣམས་ཀྱིས་ནི་སྙིགས་དུས་སུ་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་དགོས་འདོད་ཀྱི་ཆར་ཅིའང་འབེབས་ཤིང༌། དེ་ལས་ཞན་པ་རྣམས་ཀྱིས་ལ་ལས་རྒྱལ་བའི་བསྟན་པ་དང་མཐུན་པའི་འཆད་ཉན་དང༌། ལ་ལས་སྒོམ་སྒྲུབ། ཡང་མཐར་གྱུར་པ་རྣམས་ཀྱང་དགེ་བའི་བག་ཆགས་བཟང་པོས་དུས་འདས་ཏེ། མདོར་ན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་མཐོང་ཐོས་དྲན་རེག་ཙམ་གྱིས་ཀྱང་མངོན་མཐོ་དང་ངེས་ལེགས་ལ་བཀོད་པའི་རྣམ་པར་ཐར་པའང་བསམ་གྱིས་མི་ཁྱབ་བོ། །དེ་དག་གི་དོན་བསྡུ་ན། མདོ་རྒྱུད་མན་ངག་རིག་གནས་འཆད་ལ་མཁས། །ལུང་རིག་འགལ་འབྲེལ་རྩོད་དང་ལེགས་བཤད་བརྩམས། །རིས་མེད་གྲུབ་མཐའི་བསྟན་འཛིན་རྒྱ་མཚོ་བསྐྲུན། །གནས་གསར་འཇམ་མགོན་མཁས་པའི་མཛད་པ་ཡིན། །ཞེས་སོ།། ༈ སྤྱི་དོན་གསུམ་པ་མཐར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཅིང༌། དགོངས་རྫོགས་ཀྱི་རིམ་པ་དང་ཕྲིན་ལས་ཀྱི་རྒྱུན་ཇི་ལྟར་སྤེལ་ཚུལ་ལ། གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ཚུལ་དང༌། དགོངས་རྫོགས་སྤེལ་ཚུལ་གཉིས་ལས། དང་པོ་ནི། བདག་ཅག་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་དམ་པ་འདི་ཉིད་དགུང་གྲངས་ང་བདུན་དུ་ཕེབ་པ་ལྕགས་ཕོ་འབྲུག་ལོ་ཡན་ཆད་དུ་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་རྣམས་ལ་ཐུགས་དགྱེས་ཤིང༌། སྙིགས་དུས་བསྟན་འགྲོ་སྤྱི་བྱེ་བྲག་གི་ཉམས་