R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༦༧
[A:༢༦༧] ཁྲིའི་སྟེང་ན་ཡོད་སྙམ་པར་དེ་ལ་ཆེད་དུ་བལྟས་པས་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྐུ་ཤིན་ཏུ་གསལ་བ་ཐོག་ཚད་མ་ཞིག་བཞུགས་པར་མཐོང་ཞིང༌། དེ་ཁ་ལ་ནུབ་ཕྱོགས་ནས་འཇའ་ཁ་དོག་ལྔ་པ་ཞིག་ཐལ་གྱིས་བྱུང་སྟེ་ཁྲིའི་སྟེང་དུ་ཟུག་པ་དང་དྲན་མེད་དུ་སོང་བ་ལྟ་བུའི་ངང་དུ་ཅུང་ཟད་ལུས་པ་དང་གཉིད་སད་པ་ཞིག་བྱུང་གསུངས། ཞབས་ཕྱི་རྣམས་ཀྱིས་ཅི་ཡིན་ནམ་ཞུས་པས། ཁྲིད་བཤད་པ་འདིའི་བག་ཆགས་ཡིན་ནམ་གསུངས། བློ་གསལ་རབ་རྒྱས་ཀྱིས་གསུང་ངག་མ་ཐོབ་པ་ལ་ཡི་མུག་སྐྱེས་ཚུལ་ཞུས་པའི་ལན་དུ། སྔོན་འཕགས་པ་རིན་པོ་ཆེའི་སྐབས་སུ་ལམ་འབྲས་མཛོ་འགྲོས་མར་གྲགས་པ་བྱུང་བའི་ལོ་རྒྱུས་ཀྱང་ཡོད་པས་དགའ་མོ་ཐོབ་འགྲོ་ཞེས་གསུངས་ནའང༌། འདི་ལོ་ལན་ཅིག་གསུང་ལས། ད་རང་ལམ་འབྲས་ཤིག་མི་བྱེད་པ་འདྲ་གསུངས་པས་ཞབས་ཕྱི་རྣམས་ཀྱི་བློར་སྐུའི་ལྟེམ་བབས་སྐུ་འཁྲུགས་ལྟ་བུར་སོང་བ་དེ་ཁར་དགོངས་པ་ཡིན་ནམ་བསམ་པ་མ་གཏོགས་ཞབས་པད་མི་བརྟན་པའི་དོགས་པ་མ་ཤར། ད་ལོ་བསམ་ཡས་མདོ་སྡེ་མཆོད་པའི་སྐབས་ངེད་རང་ནས་ཞུ་ཡིག་ཕུལ་ཁོངས་སུ། རྭ་ཚར་ཐུན་མོང་མ་ཡིན་པའི་འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་དཀྱིལ་ལ་དོགས་ཞུ་ཕུལ་བའི་བཀའ་ལན་དང་ཆབ་ཅིག །འདི་ནས་གཡར་ཕུལ་འཇམ་དབྱངས་སངས་རྒྱས་རིན་ཆེན་གྱི་བཀའ་འབུམ་པོད་བཅས་སྩལ་བ་ནི་དུས་འདིར་བཀའ་ཤོག་ཕེབ་པའི་ཐ་མ་ཡིན་ནོ། །འཕགས་སྡེར་བཞུགས་སྐབས་སྔ་དྲོ་ནུབ་ཕྱོགས་སུ་འཇའ་ཟུག་པ་དང༌། སྤྱིར་འདི་ལོ་ཆར་དཀོན་ཀྱང་འཕགས་སྡེར་བཞུགས་རིང་ཆར་ཆེ་བ་དང༌། ལྷག་པར་ཆིབས་བསྒྱུར་གནང་སྐབས་སྐྱི་ཆུ་གློ་བུར་དུ་རྒྱས་