R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༦༨
[A:༢༦༨]ཤིང་ཆུ་ཐོན་མ་ཁད་དྲག་ཆར་ཤིན་ཏུ་ཆེ་བ་སོགས་ཀྱི་འཚུབས་ལྷོང་དང༌། རྨོར་དགོན་དུ་ཆིབས་བསྒྱུར་གནང་རེས་ཀྱི་བྱེ་ལའི་རྩེ་ནས་དགོན་པར་མ་ཕེབས་བར་བྱ་རོག་གཉིས་ཟན་སློང་བའི་ཚུལ་གྱིས་འོངས་པའང་འདི་ལོ་མ་བྱུང་བས། བཀའ་ལས། ད་ལོ་རྨོར་པའི་ཕེབ་བསུའང་མ་བྱུང་གསུངས། ལྷ་ལྡན་དུ་བཞུགས་སྐབས་ཤིག་ཀྱང་འདི་ལོ་བྱ་རོག་འདི་འགྱང་དུ་སོང་བ་ཞིག་འདུག་ཅེས་གསུངས། རྨོར་དགོན་དུ་ཕེབ་འཕྲལ་ཙམ་ལ་སྦུས་རིའི་རི་རྒྱུད་ཐལ་མར་ངུར་བ་དང་མེ་འབར་གྱི་རྣམ་པ་ཡང་ཡང་བརྒྱུགས་ཤིང་རྨོར་གྱི་རྒྱབ་རིར་འཇའ་བཏུད་མར་ཟུག་པ། བཀྲ་ཤིས་ཆོས་སྡེར་དཔལ་མགོན་ཞལ་གྱི་གཏོར་ཆེན་འགྱེལ་བ། མགོན་ཁང་གི་ཀ་བ་ཁྲག་འཛག་མའི་ཐད་ནས་ལྕམ་གཉིས་ཆག་པ། ཕྱི་རྟེན་གྱི་མགོན་ཁྱི་སྨྱོ་ཞིང་ཤི་བ། ཡར་ཀླུང་ཁུལ་དུ་སྲོད་ལ་ནམ་ལངས་པ་ལྟ་བུའི་སྣང་བ་ཤར་བ། ཡུལ་ཁམས་བྱིངས་ལའང་ཐན་པ་ཆེ་ཞིང་ཟླ་འཛིན་ཉི་འཛིན་མང་བ། དཔལ་ས་སྐྱའི་ལམ་འབྲས་ལྷ་ཁང་ཐེག་ཆེན་ཕོ་བྲང་གི་ག་ཡ་དྷ་རའི་བུམ་ཆུའི་སྣོད་གས་ནས་ཆུ་ཟེགས་སྟོབས་ཆེ་ཞིང་ཁ་ཤིན་ཏུ་དམའ་བ་སོགས་མི་དགེ་བའི་མཚན་མ་མཐའ་དག་སྤུངས་པ་ལྟར་གྱུར་ཀྱང༌། སྐུ་ཁམས་ནི་སྔར་ལས་ལྷག་པར་དྭངས་ཤིང༌། ཞལ་མདངས་སོགས་ཀྱང་ཤིན་ཏུ་ལེགས་པ་བཅས་ལྟོས་བཅས་ཚང་མར་དོགས་གནད་ཙམ་ཡང་མ་ཤར། ཚེས་བདུན་ཙམ་ནས་སྔར་གྱི་སྨུག་པོའི་བསྙུན་གཞི་དེ་ཅུང་ཟད་འཕར་བའི་རྣམ་པ་བྱུང་ཡང་བསྙུང་གསོལ་མ་ཞུས་པར་གསང་བ་ཁོ་ན་མཛད་ཅིང༌། རྒྱུན་དུའང་བསྙུན་གཞི་དེ་ལྟར་འབྱུང་བའང་རྒྱུ་རྐྱེན་ངེས་པ་ཅན་ལ་མི་ལྟོས་ཤིང༌། དྭངས་བསྐྱེད་ཀྱང་འཕྲོད་གཞེས་སོགས་ལ་ཆེར་མི་