[A:༢༦༩]ལྟོས་པ་སོགས་ཕལ་པའི་བློ་ཡུལ་ལས་འདས་པ་ཞིག་འོང་འདུག་པ་དེ་ཁ་ཡིན་ཁུལ་གྱི་རྨོར་ཨེམ་ཇི་ལྷུན་གྲུབ་དར་རྒྱས་ནས་གསོལ་སྨན་འབུལ་བ་སོགས་སྔར་རྒྱུན་བཞིན་བྱས་འདུག་ཀྱང༌། དྭངས་བསྐྱེད་ཆེར་མ་བྱུང་བར། སྟག་རྩེ་ཨེམ་ཇི་འཕྲལ་འབོད་གནང་བའི་འཕྲོད་གཞེས་རྣམས་ཀྱང་འདོད་པ་བཞིན་དང་བཞེས་མཛད། ཆོས་སྡེ་སོགས་དགོན་པ་ཕན་ཚུན་རྣམས་སུ་ཞབས་བརྟན་སྐུ་རིམ་བསྒྲུབ་རྒྱུ་འཕྲལ་རྫོང་དང༌། རྨོར་རང་དུའང་སྒྲོལ་འདོན་དང་བསྐང་བ་འཛུགས་པ་སོགས་མཛད། ཚེས་བཅུའི་ཉིན་རྡོ་རྗེ་ཕྲེང་བའི་ལུགས་ཀྱི་ས་ཐིག་བསྐོར་བར་ཐུར་འཛུགས་ཀྱི་ཕྱོགས་འཚོལ་མཛད་དེ་འདི་ནས་བརྩིས་པའི་ཕྱོགས་ཀྱང་ལུགས་འདི་ལྟར་ཡིན་འདུག་ཅེས་བརྡ་སྤྲོད་དང༌། རིག་འཛིན་སྐལ་བཟང་རྣམ་གྲོལ། ཞབས་འབྲིང་པ་དགེ་སློང་ངག་དབང་འཇམ་དབྱངས། བློ་གསལ་རབ་རྒྱས་བཅས་ལ་ཆོས་རྗེ་ས་པཎ་གྱིས་མཛད་པའི་ལམ་སྦས་བཤད་ཀྱི་ལུང་སྩལ་བ་གསུང་ཆོས་ཀྱི་ཐ་མ་ཡིན། ཚེས་བཅུ་གཅིག་བཅུ་གཉིས་སོགས་སུ་སྤྱན་ནམ་མཁའ་ལ་གཟིགས་ནས་གསུང་གླེང་ཅིའང་མི་མཛད་པར་ཡུན་རིང་བཞུགས་པ་ལན་མང་པོར་མཛད། ཚེས་བཅུ་བཞིའི་ནུབ་མོ་ནས་བསྙུན་གྱི་རྣམ་པ་ཅིའང་མེད་ཅིང་ཉིན་པར་མནལ་གྱི་རྣམ་པ་ཡོད་ཙམ་བྱུང༌། ཚེས་བཅུ་དྲུག་ཉིན་གཟིམས་ཆུང་འདི་ཚད་པ་ཆེ་གཤིས་ནང་ཤར་མར་སྤོས་ཤིག་གསུངས་པ་བཞིན་སྐུ་ཆས་རྣམས་རགས་ཙམ་བསྡུས་ནས་དེར་བཞུགས་གདན་འཇགས། དེའི་ ཉིན་ཞལ་མདངས་ཅུང་ངན་པར་ཞབས་འབྲིང་པ་སྦྱིན་པ་རྒྱ་མཚོས་ཕྱག་དབང་ཞུས་སྐབས་མཆི་མ་བཏོན་པར། ཞལ་འཛུམ་མདངས་དང་བཅས་མཆི་མ་འདོན་མི་དགོས།