[A:༢༧༤]ཞབས་ཕྱི་རྣམས་ནས་སྐུ་གདུང་རིན་པོ་ཆེ་བཞུགས་པའི་གནས་དང་ཉེ་སྐོར་ཀུན་ཏུ་དུ་ཆོམ་སོགས་ཀྱི་སྒྲ་མེད་པ་དང༌། སྐུ་མདུན་དུ་མཆོད་ཚོགས་རྒྱས་པར་བསྟར་བའི་བཀོད་པ་བགྱིས་ཏེ། དེ་འཕྲལ་རྒྱལ་ཚབ་རིན་པོ་ཆེར་ཐུགས་དམ་གསལ་འདེབས་ཞུ་རྟེན། ཇོ་ཤཱཀྱ་རྣམ་པ་གཉིས་ལ་བརྒྱ་མཆོད་སྙན་ཤལ། དགོན་ཕན་ཚུན་གྱི་ཞབས་བརྟན་བསྒྲུབ་རྒྱུ་ཀུན་རིག་སོགས་སུ་བསྒྱུར་བ། བཀྲ་ཤིས་ཆོས་སྡེ་ནས་མཆོད་འབུལ་བ་འབོད་པ་སོགས་བགྱིས་ཏེ། ཐུགས་དམ་མ་གྲོལ་བར་སྐུ་གདུང་རིན་པོ་ཆེའི་སྐུ་མདུན་དུ་རིག་འཛིན་སྐལ་བཟང་རྣམ་གྲོལ་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་མཆོད་འབུལ་ལ་བརྩོན་པར་མཛད། དེའི་ཚེ་ཞལ་དཀྱིལ་སྔར་ལས་ལྷག་པར་དྭངས་ཤིང༌། དཀར་མདངས་ཆེ་བ། སྤྱན་ཟིམ་བུར་བཞུགས་པ་ལྟ་བུ། ཞལ་གྱི་མཆུ་སྒྲོས་སོགས་ཅུང་ཟད་ཙམ་ཡང་མ་ཉམས་པར་བཞུགས་པ་ལས། ཚེས་བཅུ་དགུའི་ཐོ་རེངས་འུར་སྒྲ་ཤིན་ཏུ་ཆེ་བ་དང་བཅས་དྲི་བསུང་ཕུན་སུམ་ཚོགས་པས་གཟིམས་ཁང་གི་ནང་གང་བ་སོགས་ཡ་མཚན་གྱི་ལྟས་དུ་མ་དང་ཆབ་ཅིག་སྐུ་གདུང་རིན་པོ་ཆེ་ནས་བྱང་སེམས་དཀར་དམར་འདྲེས་པ་ཤངས་བུག་གཡོན་ནས་མཐོ་གང་ཙམ་བབས་ཤིང་དབུ་ཅུང་ཟད་དུད་ཉམས་དང་བཅས་ཐུགས་དམ་གྲོལ་བ་ན། སྐུ་གདུང་རིན་པོ་ཆེ་ལ་ག་བུར་སོགས་དྲི་བཟང་གི་ཆུས་སྐུ་ཁྲུས་གསོལ་ཞིང༌། དྲི་བཟང་པོས་སྦགས་པའི་ལྷ་རྫས་ཀྱི་ན་བཟས་མངོན་པར་བཀླུབས་ཏེ། གནམ་ས་བར་གསུམ་གྱི་རྒྱན་ཕུན་སུམ་ཚོགས་ཤིང༌། མཆོད་ཚོགས་རྒྱ་མཚོའི་དབུས་སུ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཀྱིས་བཞུགས་སུ་གསོལ། དེ་ཉིན་ཆོས་སྡེའི་གྲྭ་པ་རྣམས་ཀྱང་སླེབས་འཕྲལ་ནས་བཟུང་རིམ་བཞིན་རྣམ་འདྲེན་དམ་པ་དེ་ཉིད་དགྱེས་མཛད་