R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༧༥
[A:༢༧༥]རྡོ་རྗེའི་དཀྱིལ་འཁོར་གྱི་གཙོ་བོར་བཞེངས་པ་ལ་མཆོད་པའི་ཕྱིར་སྟ་གོན་དངོས་གཞི་བདག་འཇུག་ལེན་པ་བཅས་བསྒྲུབས། འདུ་ཁང་དུ་རྨོར་པ་དང་འཕགས་སྡེ་ཚོགས་ཡོངས་བཅས་ཀྱིས་ཀུན་རིག་སྒྲུབ་མཆོད་དང༌། བླ་མ་མཆོད་པ་སོགས་བགྱིས། ཕྱོགས་འདུས་དང་གཉུག་མར་གནས་པའི་ཚོགས་ལ་གདུང་མཇལ་ཀྱང་བཏང༌། ཚེས་ཉེར་གཉིས་མཁའ་འགྲོ་འདུ་བའི་དུས་ཁྱད་པར་ཅན་ལ་ཙནྡན་དང་ཨ་ཀ་རུ་སོགས་དྲི་བཟང་གི་ལྗོན་ཤིང་ཕུང་པོར་སྤུངས་པའི་དབུས་སུ་བླ་མ་ཀྱེ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་དུ་གསལ་བཏབ་སྟེ་མཆོད་ཚོགས་རྒྱ་མཚོར་བཅས་པའི་དབུས་སུ་ཞུགས་ལ་ཞེན་པ་ན། ཐོག་མར་སྐུ་གདུང་རིན་པོ་ཆེ་གདན་འདྲེན་པའི་སྐབས་ཆར་ཟིམ་བུ་ས་སྦངས་པ་ཙམ་མེ་ཏོག་གི་ཚུལ་དུ་བབས་ཤིང༌། ཆོ་ག་ཚུགས་པ་དང་ཞུགས་ཕུལ་བའི་ཚེ་སྤྲིན་རྣམས་དྭངས་པའི་ནམ་མཁའ་གཡའ་དང་བྲལ་བའི་ངོས་སུ་འཇའ་ཚོན་ཁ་དོག་སྣ་ལྔའི་གུར་དང༌། རྩིབས་ཀྱི་རྣམ་པ་དང༌། གཡུང་དྲུང་དང༌། དགའ་འཁྱིལ། ཆོས་འབྱུང་སོགས་དང༌། མཆོད་པའི་རྣམ་པ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཆོ་ག་མ་རྫོགས་བར་དུ་རྒྱུན་མི་འཆད་པར་བྱུང་ཞིང༌། ཆོ་ག་རྫོགས་པའི་ཤིས་བརྗོད་ཀྱི་ཚེ་ཆར་ཟིམ་བུ་སྔར་ལྟར་བབས་སོ། །ཉེར་ལྔའི་ཉིན་གདུང་ཁང་ཞལ་ཕྱེ་བ་ན། གདུང་རུས་ལ་བྃ་ཡིག་མང་པོ་དང༌། ཧཱུྃ་ཡིག་དང༌། དགའ་འཁྱིལ་སོགས་ཤིན་ཏུ་གསལ་བར་བྱོན་ཤིང་བུ་སློབ་རྣམས་ལ་དད་རྟེན་དུ་བསྐུར་བ་འགའ་ཞིག་ལ་ལྷ་སྐུའང་ཅི་རིགས་བྱོན་ཞེས་གླེང་ཞིང༌། བློ་གསལ་རབ་རྒྱས་ལ་རྡོ་རྗེ་འཆང་དེ་ཉིད་ཞལ་བཞུགས་སྐབས་སྩལ་བའི་ཚེམས་ཤིག་ཡོད་པར་དེ་སྔ་རིང་བསྲེལ་ཕྲ་མོ་ལས་མེད་ཀྱང་ཞིང་ཁམས་