R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༧༣
[A:༢༧༣]བཤད་ཆོས་ཀྱི་འབྱུང་གནས་གཞན་དུ་གཤེགས། །བདག་སོགས་རྗེས་འཇུག་སྐལ་བཟང་ཟད་འདིར་སྐྱོ། །མགོན་ཁྱོད་གང་འདུལ་འགྲོ་བའི་དོན་མཛད་ཕྱིར། །རིས་མེད་དམ་པའི་ཞལ་གྱི་བཅུད་གསོལ་ཞིང༌། །སྐུ་གསུང་ཐུགས་རྟེན་སྨིན་གྲོལ་ཉེར་མཁོའི་ཆས། །ད་ལྟ་གྲངས་མེད་སོ་སོར་སྐྱོ་བ་འཕེལ། །མངའ་རིས་དབུས་གཙང་ཁམས་སོགས་གྲངས་མེད་འགྲོར། །འཛུམ་ཞལ་སྙན་གསུང་བརྩེ་བའི་ཐུགས་འཆང་བ། །ད་ནི་ཡོངས་རྫོགས་དོར་ནས་གཞན་དུ་གཤེགས། །དག་པའི་ཞིང་ན་འགྲོ་དོན་འཕེལ་གྱུར་ཏེ། །སྔོན་ཚེ་འཁྲུལ་ཟད་གྲགས་པ་རྒྱལ་མཚན་ལ། །བདེ་བ་ཅན་དུ་སྤྱན་འདྲེན་བཀོད་པའི་ཚེ། །མ་དག་ཞིང་ལ་རྗེས་བརྩེའི་གསུང་བྱོན་ཡང༌། །མགོན་ཁྱོད་ཐུགས་ཀྱི་འཛིན་གཏོང་འགྱུར་རམ་ཅི། །འོན་ཀྱང་འདི་ལྟའི་གནས་སྐབས་མི་ཟད་པ། །རྣམ་འདྲེན་དམ་པའི་སྐྱོན་དུ་མི་འཚལ་གྱི། །ཐོག་མེད་འཁོར་བར་ལས་ཉོན་ཁུར་ལྡན་པ། །སྐལ་དམན་བདག་སོགས་རྣམས་ཀྱི་སྐྱོན་དུ་མཆིས། །གང་གི་བརྩེ་ཆེན་གསུང་ལས་འདི་སྐད་དུ། །འཁོར་འདས་ཆོས་ཀུན་སེམས་ཀྱི་ཆོ་འཕྲུལ་ཏེ། །ཟུང་འཇུག་བརྗོད་བྲལ་དོན་གྱི་བླ་མ་ཞེས། །ལེགས་པར་གདམས་འདི་ཁོ་ན་ངལ་བསོར་ཐོབ། །དེས་ན་དེང་ནས་བྱང་ཆུབ་མ་ཐོབ་བར། །དུས་གསུམ་དགེ་ཚོགས་མཆོད་སྤྲིན་རྒྱ་མཚོར་འབུལ། །ནམ་ཡང་འདུ་འབྲལ་མེད་པར་རྗེས་བཟུང་ནས། །གདོད་མའི་མགོན་པོའི་འཛུམ་ཞལ་མྱུར་མཐོང་ཤོག །དེ་ནུབ་ཟླ་ཁྱིམ་དང་འབྲེལ་བའི་འཇའ་སྤྲིན་ཕྲ་མོ་མང་པོས་ཁེངས་ཤིང༌། དེ་ནས་བཟུང་ཉིན་ཀུན་ནམ་མཁའ་གཡའ་དག་པ་དང༌། མཚན་ཀུན་ཆར་རྒྱུན་ཆེན་པོས་ས་གཞི་བརླན་པར་བྱས་སོ། །དེ་ནས་