[A:༢༧༦]བརྗེས་ནས་རིང་བསྲེལ་མང་པོ་དང༌། བྃ་ཡིག་ལི་ཁྲིའི་མདངས་ལྡན་ཞིག་ཀྱང་བྱོན་ཞེས་གླེང༌། གདུང་སོལ་དང་སྤུར་ཐལ་རྣམས་ལ་སཱཙྪ་བཏབ་སྟེ་བཞུགས་གནས་ཁང་བུ་བརྩེགས་པའི་མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་མཚན་ཉིད་དང་ལྡན་པ་ཞིག་སྨོན་དགའ་རིན་ཆེན་བསམ་གཏན་གླིང་དུ་བཞེངས་ཤིང༌། རབ་ཏུ་གནས་པའང་གྲུབ་པར་བགྱིས་སོ། །དེ་དག་གི་དོན་བསྡུ་ན། ཞིང་འདིར་བསྟན་འགྲོའི་དོན་མང་ལྷུན་གྲུབ་ནས། །རྟག་མཐའ་སེལ་ཞིང་གཞན་དོན་དགོངས་པའི་ཚེ། །ངོ་མཚར་བཅས་གཤེགས་མཆོག་སྤྲུལ་ཞལ་བཞེས་མཛད། །གནས་གསར་འཇམ་མགོན་བླ་མའི་གཤེགས་ཚུལ་ཡིན། །ཞེས་སོ། །གཉིས་པ་ནི། བཤད་མ་ཐག་པ་དེ་རྣམས་དང༌། གཞན་ཡང་འདི་ལོ་ངེད་རང་ནས་རྣམ་འདྲེན་དམ་པ་དེ་ཉིད་ཀྱི་སྐུ་དྲིན་གསོབ་པའི་ཆེད་དང༌། འདི་ཁའི་སྡེ་བསྟན་པ་གདུང་བརྒྱུད་བཅས་ཀྱི་རིམ་གྲོར་དམིགས། སྣྲོན་ཟླའི་ཟླ་མཇུག་ཙམ་ནས་བཟུང་རྭ་ཚར་ཐུན་མོང་མ་ཡིན་པའི་ལུགས་ལྟར་དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་དཀྱིལ་འཁོར་སྒྲུབ་མཆོད་བརྒྱ་ཚར་གྲངས་གསོག་སྟེ་ཆུ་སྟོད་ཟླ་མཇུག་བར་ལ་ཅི་འགྲུབ་བགྱིད་སྐབས་ཡིན་པས། དེ་དང་དུས་མཚུངས་ཞིང་ཁམས་བརྗེས་འདུག་པས་ན་དགོངས་རྫོགས་ཀྱི་རྣམ་པ་འདྲ་མོ་བྱུང་འདུག་ཅིང༌། དེ་ནས་མ་འགྱངས་པར་གྲོ་བཞིན་ཕུར་སྒྲུབ་ཀྱི་སྐབས་འདི་ཁའི་ཤར་ཕྱོགས་བྲག་ཆུང་གི་རིའི་བྱེ་མ་ལ་བཟང་ངན་བརྟག་དཔྱད་བྱེད་སྲོལ་ཡོད་པ་ལྟར། སྔོན་དུ་ཆུ་སྤྲེལ་གྲོ་བཞིན་ཚེས་གསུམ་གྱི་ཐོ་རངས་དེ་ཐད་ནས་རི་བྲག་དུུ་མ་ཙམ་ཞིག་པས་རྐྱེན་བྱས། ཆུ་བྱ་ས་གའི་བར་རི་བཀྲ་ངན་པ་ཁོ་ནར་ཡོད་ཅིང༌། ཁྱད་པར་རྨོར་དགོན་ནས་མཆོད་དཔོན་