[A:༢༨༢]སྣམ་སྦྱར་ཚང་མ་རེ། རྗེ་ཉིད་ཀྱི་དབུ་རྒྱན། དར་དཔྱངས། ཕྱག་ཕྲེང་སོགས་གཟུངས་དང་ནང་གཞུག་བསམ་གྱིས་མི་ཁྱབ་པ་བཞུགས་པ་ནི་ཞིབ་པར་དཀར་ཆག་ཟུར་གསལ་ཡོད་པ་དེ་བཞིན་དང༌། དེ་ལྟར་རྟེན་བཞེངས་ལག་ལེན་རྣམས་བབ་ཆོལ་མ་ཡིན་པར་ཤིན་ཏུ་རུང་བར་བསྒྲུབས་ཤིང༌། ཐུགས་རྟེན་ལ་བཞུགས་ཁྲི། སྙན་ཤལ། སྐུ་མདུན་དུ་དཀར་ཤེལ་གྱི་སྤྱོད་པ་སོགས་ངོ་མཚར་བ། བླ་བརྒྱུད་རྣམས་ལ་བཟང་གོས་ཀྱི་སྐུ་བེར་སོགས་ན་བཟའ་དང༌། སྐུ་མདུན་དུ་ཞལ་དཀར་སྟེགས་བཅས། རྡོར་དྲིལ། གནམ་རྒྱན་བླ་རེ། དངུལ་གྱི་མཎྜལ། དངུལ་གྱི་མཆོད་ཀོང་ཞག་བཅོ་ལྔ་ཙམ་འཁྱོངས་པ་སོགས་མཆོད་རྫས་དུ་མ་དང་བཅས་པའི་དབུས་ན་བཞུགས་པའི་སྟེང་དུ། གསེར་ཟངས་ཀྱི་གཉྫི་ར་སྤུས་ལེགས་ནང་དུ་སྤྱི་སྒོས་ཀྱི་གཟུངས་མང་པོ་དང་བཅས་པ་རྣམས་ལ། དཔལ་ཀྱེ་རྡོ་རྗེ་དང༌། བྱང་གཏེར་ཐུགས་སྒྲུབ་ཕུར་པ་སོགས་ཀྱི་སྒོ་ནས་རབ་ཏུ་གནས་པའང་ལན་གྲངས་དུ་མའི་བར་དུ་ལེགས་པར་བསྒྲུབས་པའོ། །དེ་དག་ལ་རྒྱུ་སོང་རགས་རིམ་བཀོད་པར། མཆོད་རྟེན་དང་འདྲ་སྐུ་གཉིས་ཀྱི་སྐུ་རྒྱུར་ཟངས་ཁལ་ཉི་ཤུ་རྩ་དྲུག་དང་ཉག་བཅོ་བརྒྱད། སྒོ་ཁྱིམ་ནང་གི་ཐུབ་དབང་གི་སྐུ་རྒྱུར་རང་བྱུང་ཟངས་འདེགས་ཉག་བཅོ་བརྒྱད། གསེར་ཐུར་འདེགས་ཀྱི་སྲང་ལྔ་བཅུ་ཐམ་པ། དངུལ་ལྷད་མེད་སྲང་ལྔ་བརྒྱ་དང་དྲུག་ཅུ་རེ་ལྔ། མཎྜལ་དང༌། མཆོད་ཀོང་དྲིལ་བར་དངུལ་ལྷད་མེད་སྲང་བརྒྱད་ཅུ་གྱ་བདུན། སོལ་བ། ཤིང༌། སྟར་བུ། བཙོད་དང༌། དངུལ་ཆུ། བཟོ་རིགས་པའི་ཕོག་ཡོན་སོགས་བསྡོམས་པར་དངུལ་སྲང་བརྒྱ་དང་ལྔ་བཅུ། འདོད་དཔལ་སྐུ་ཚབ་གཉིས་དང་བཟོ་རིག་འུལ་མི་བཅས་པར་གྲོལ་སྟོན་དུ་སོང་བར་བསྡོམས་