[A:༢༨༡]འབྲུག་ཆོས་རྗེ་དང་རིག་འཛིན་སྐལ་བཟང་རྣམ་གྲོལ་སོགས་དྲི་མེད་ཀྱི་དབང་ལུང་ཐོབ་ཅིང༌། གཞི་ཚུལ་ཁྲིམས་ལ་གནས་པ་དུ་མས་ལེགས་པར་བསྒྲུབས་ཤིང༌། དེ་དག་གི་ནང་བཞུགས་ལ་རྗེ་ཉིད་ཀྱི་གདུང་ཚ་དྲི་མེད་ཀྱི་སྙིང་པོ་ཅན་སྟོང་ཚོ་བརྒལ་བ། བྲེ་ནང་དུ་ཐུགས་དམ་གྱི་སྙིང་པོ་ནཱ་རོ་མཁའ་སྤྱོད་ཀྱི་སྣང་བརྙན་ལི་སེར་ལས་གྲུབ་པ་ཁྱད་འཕགས། བདུད་རྩི་རིལ་བུ་ལས་གྲུབ་པའི་དགྱེས་པ་རྡོ་རྗེའི་སྐུ་བརྙན་སོགས་དུ་མ་དང༌། སེང་ཁྲིར་བསིལ་བ་ཚལ་གྱི་རྡོ་ནག་ལས་གྲུབ་པའི་ནག་པོ་ཆེན་པོའི་སྣང་བརྙན། བང་མཛོད་དུ་རྗེ་དེ་ཉིད་ཀྱི་ཐུགས་དམ་རྟེན་རྒྱལ་ཆེན་རྣམ་སྲས་ཀྱི་སྐུ་སོགས་རྩ་གསུམ་གྱི་སྣང་བརྙན་བསམ་གྱིས་མི་ཁྱབ་པ། གསུང་རྟེན་རྩ་རྒྱུད་བརྟག་གཉིས། ལམ་འབྲས་རྡོ་རྗེའི་ཚིག་རྐང༌། འཇམ་སྡུད་བཟང་གསུམ། ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་མདོ་སྔགས་ཀྱི་གླེགས་བམ་དུ་མ། གསུང་ངག་བླ་བརྒྱུད་སོགས་དབུ་ཞབས་བར་གསུམ་གྱི་གཟུངས་གཞུག་ཆོས་སྐུའི་རིང་བསྲེལ་ཕོན་ཆེ་བ། ཀུན་ལ་ཐུགས་དགོངས་རྫོགས་པ་དང་མཆོག་སྤྲུལ་མྱུར་འབྱོན་གྱི་འདོད་གསོལ་སྤེལ་ཚིག་སྦྱར་བ་དྲི་བཟང་གིས་ལེགས་པར་བྱུགས་ཤིང་ན་བཟའ་སེར་པོ་ཤ་སྟག་གིས་སྤྲས་པ། སྐུ་གདུང་སྐུ་བལ་སོགས་བྱིན་རྟེན་སྐོར་ལ་དེ་བཞིན་གཤེགས་པ་གསེར་ཐུབ་དང༌། ཤཱཀྱའི་རྒྱལ་པོ། ཤཱ་རིའི་བུ་སོགས་ཀྱི་རིང་བསྲེལ་མང་པོ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ཚེམས་ཡིད་བཞིན་གྱི་ནོར་བུ་ཁུངས་བཙུན། རིག་འཛིན་ཤྲཱི་སིདྷའི་དབུ་སྐྱེས་སོགས་དབུ་སྐྱེས་དང༌། ཚེམས་ཕྲེང་མང་པོ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། མཁན་ཆེན་གཞོན་ནུའི་མཚན་ཅན། སྐྱབས་མགོན་དམ་པ་དེ་ཉིད་བཅས་ཀྱི་