R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༨༤
[A:༢༨༤] བྱ་ས་ལྷ་ཁང་གི་གཙང་ཁང་བྱང་མར་སྐུ་བརྙན་རྣམས་ལ་ཞིག་གསོས། ཚོན་རྩི། ཞལ་གསེར། སྤྱན་འབྱེད་རྣམས་བགྱིས་ཤིང༌། གཙོ་བོ་གསུམ་ལ་སྣམ་སྦྱར། བྱང་སེམས་བཞི་ལ་སྟོད་གཡོགས། སྨད་གཡོགས། ཁྲོ་བོ་གཉིས་ལ་སྟོད་གཡོགས། སྨད་གཡོགས། སྟག་ཤམ། སོ་སོར་མཛོད་བཏགས་དང༌། བསོད་བཏགས་རྙིང་མའི་སྙན་ཤལ། ཀ་བ་གཉིས་ལ་བཟང་གོས་ཀྱི་འཕན་བཅས་བསྒྲུབས་པའི་ན་བཟའི་རྒྱུར་བཟང་གོས་སྣ་ཚོགས་ཁ་བརྒྱ་དང་ཉི་ཤུ་རྩ་བརྒྱད་བཅས་སོང་བ། དེ་ལྟའི་དངོས་པོ་རྣམས་ནི་སྐྱབས་མགོན་དམ་པ་དེ་ཉིད་མཐོང་ཐོས་དྲན་རེག་ཙམ་གྱིས་འགྲོ་ཀུན་དད་པའི་སྤུ་ལོང་རང་དབང་མེད་པར་གཡོས་ཏེ་རང་རང་གི་བདོག་པ་རྣམས་མཆོད་སྤྲིན་རྒྱ་མཚོར་བཏབ་པ་དེ་དག་ལོག་འཚོར་མི་འགྱུར་བའི་བཀའ་ཁྱབ་མཛད་པ་བཞིན། ཡང་སྲིད་དུ་མར་རྒྱ་ཆེན་སྨོན་ལམ་གྱི་འབྲེལ་བས་ཞབས་འདེགས་ཀྱི་རིམ་པ་ལ་རྩེ་གཅིག་ཏུ་གཞོལ་བ་ཕྱག་མཛོད་འཇམ་དཔལ་རྒྱ་མཚོ་ནས་ཕྱག་རྫས་རྣམས་བར་མ་དོར་མི་འགྱུར་བའི་དོ་ཁུར་ཆེད་གཉེར་བགྱིས་པ་རྣམས་དང༌། ཉེ་དུས་ཞལ་འདེབས་ཀྱི་རིམ་པར་ཡང་འདི་ནས་དངུལ་གདུང་རིན་པོ་ཆེར་དམིགས་རྒྱ་དངུལ་སྲང་བརྒྱ་ཐམ་པ། ཕྲ་རྒྱན་དུ་མོ་ཆས་སྣ་ཚོགས། སྒྲུབ་མཆོད་ཐེབས་སུ་དངུལ་སྲང་ལྔ་བཅུ། གོས་ཡུག་བཞི། རྒྱལ་ཚབ་རིན་པོ་ཆེ་ནས་རྒྱ་དངུལ་རྟ་རྨིག་མ་གཉིས། ཕྲ་རྒྱན་དུ་སྤོས་ཤེལ་ངང་སྒོང་ཙམ་གཅིག །དགོངས་རྫོགས་ཐེབས་སུ་དངུལ་སྲང་ལྔ་བཅུ། བཟང་ཇ་འཁོར་དྲུག་གཉིས། མར་ཁལ་སུམ་ཅུ་ཐམ་པ། ཆབ་མདོ་ནས་ཞི་བ་ལྷ་སྤྲུལ་པའི་སྐུས་གསེར་སྲང་གང༌། མཛོད་གོས་སེར་པོ་ཡུག །རྒྱ་དངུལ་རྟ་མིག་མ་གཅིག །སྡེ་དགེ་ས་དབང་མཆོག་ནས་རྒྱ་