[A:༢༨༩]མ་ཞིག་གཏད་ནས། རྗེ་བླ་མ་བསྙུན་སྐབས་པད་དཀར་སྤྲུལ་སྐུའི་ལུང་བསྟན་དེ་འདི་ཡིན་ཟེར་བར། ཁ་ཕྱེ་ནས་བལྟས་པས་ཚིགས་བཅད་ཁ་ཤས་འདུག་ཀྱང་གམ་ལ་མ་ཟིན། རྣམ་འདྲེན་དམ་པའི་ཡང་སྲིད་རིན་པོ་ཆེ་ཨེ་ཝཾ་ཆོས་ལྡན་གྱི་ཞབས་ཕྱི་ཞིག་ལ་ངེས་པར་ཕེབ་རྒྱུ་ཡིན་ཟེར་བ་དང༌། གོང་ས་རྡོ་རྗེ་འཆང་སྐལ་བཟང་རྒྱ་མཚོའི་མཆོག་སྤྲུལ་རིན་པོ་ཆེའི་སྐོར་ཡང་རགས་ཙམ་ཡོད་པ་ཞིག་བྱུང་བ་དང༌། ཡང་སྐབས་ཤིག་རྨིས་ལྟས་སུ་ཕུན་ཚོགས་གླིང་གི་དབང་ཁང་ན་གནས་གསར་རྡོ་རྗེ་འཆང་བཞུགས་ཏེ་མཎྜལ་ཚོམ་བུ་དུ་མ་བཀོད་པ་ཞིག་གི་མཐར་མཆོད་གཏོར་བཤམས་ནས་ངེད་རང་ལ་ཕུར་པའི་དབང་སྔར་མ་ཐོབ་པ་ཞིག་སྩལ་ཉམས་དང༌། གཞན་ཡང་རྨིས་ལྟས་སུ་རྣམ་འདྲེན་དམ་པ་དེ་ཉིད་ཡང་ཡང་ཕེབ་སྟེ་རྗེ་བཙུན་ས་སྐྱ་བའི་ཟབ་ཆོས་ཁ་ཤས་ལ་བསྐྱར་ཆོས་སྩོལ་བ་དང༌། སྐུའི་རྣམ་འགྱུར་ཞི་ཁྲོ་དུ་མའི་སྒོ་ནས་ལུགས་གཉིས་ཀྱི་བླང་དོར་སྩོལ་བ་སོགས་ཤར་ཡང༌། ནོག་ལྐོག་ཤལ་བདག་འདྲ་ལ་ནི་བརྗེད་ངས་གཏི་ཐོམ་ཁོ་ན་ལས་མེད་པས་ཐམས་ཅད་གམ་ལ་མ་ཟིན་ནོ། །གཞན་ཡང་ཞལ་སློབ་ཐུགས་གཙིགས་ཆེ་གྲྭས་སོགས་སྐལ་ལྡན་འགའ་རེ་ལའང་རྗེས་སུ་བཟུང་བའི་མཚན་མ་ངོ་མཚར་ཅན་བྱུང་ཡོད་འགྲོའང༌། ད་ལྟ་གོ་ཐོས་ཆེར་མ་བྱུང་ཞིང༌། དེ་གྲས་འདར་གྲོང་མཁན་ཆེན་ངག་དབང་ཤེས་རབ་ཀྱི་མནལ་ལྟས་ལ། མཁན་ཆེན་ཉིད་རྗེའི་དྲུང་ནས་གཙང་ལ་འབྱོན་ཉེ་བའི་སྐབས་རྗེ་དེ་ཉིད་ཞལ་ཤར་གཟིགས་བཞུགས་འབོལ་ཧ་ཅང་མི་མཐོ་བ་ཞིག་གི་ཁར་བཞུགས་པ་གུར་གྱི་མགོན་པོའི་སྐུར་གྱུར་ནས་ནུབ་ཕྱོགས་སུ་གཟིགས་པ་དང༌། ཁོང་རང་ནས་གྲོང་ཆེན་དུ་མཁའ་སྤྱོད་མའི་ཁྲིད་འཆད་སྐབས་ངོམ་ཤོད་ཕུག་མོ་