[A:༢༩]ཏེ་དབང་ཕྱུག་ཉེར་གཅིག་བྲན་བཞིན་བཀོལ། ཡེ་ཤེས་ཀྱི་ལྷ་མོ་བདུན་དང་དངོས་སུ་སྦྱོར་བའི་གྲུབ་པ་བརྙེས། དེའི་ཚེ་བོད་ཀྱི་རྒྱལ་པོ་ལ་བློན་པོ་རྣམས་ཀྱིས་སྙན་ཕྲ་ཕུལ་བའི་ཡི་གེ་རྒྱལ་པོས་རྒྱ་གར་དུ་དགེ་སློང་མི་ལྔར་གནང་བས་ན། དགེ་སློང་ལྔ་དང་སློབ་དཔོན་བཀའ་བགྲོས་མཛད་དེ་ཡང་དག་གི་སྒྲུབ་པ་བཙུགས་པར། དཔལ་གྱི་སེང་གེས་མ་གསན་པར་ནམ་མཁའི་སྙིང་པོས་ལེགས་སློབ་མཛད་ཀྱང་བོད་དུ་བྱོན་པས་ལམ་བར་དུ་ཀླུའི་བར་ཆད་ཀྱིས་གཤེགས། ནམ་མཁའི་སྙིང་པོ་སོགས་བཞིས་སློབ་དཔོན་གྱི་བཀའ་བཞིན་བསྒྲུབས་པས་གྲུབ་རྟགས་སུ་མར་མེ་རང་འབར། དཔལ་གཏོར་ཞག་ཏུ་འཁྱིལ། བདུད་རྩིའི་སྣོད་བཅུད་རྣམས་འཕེལ་ཞིང་དཔལ་ཆེན་ཡབ་ཡུམ་གྱི་ཞལ་གཟིགས། དེ་དུས་བོད་རྒྱལ་པོ་བསྙུན་གྱིས་ཟིན་པར། ནམ་སྙིང་མ་གཏོགས་གཞན་སུས་ཀྱང་མི་ཕན་ཟེར་བ་མོ་རྩིས་ལ་བབས་པ་བཞིན། མྱུར་དུ་འབྱོན་གསུངས་པའི་བཀའ་ཤོག་གནང་བ་ལྟར་བོད་དུ་བྱོན་ཏེ། རྒྱལ་པོ་ལ་བྱིན་རླབས་མཛད་པ་ཙམ་གྱིས་བསྙུན་ལས་གྲོལ། ཡང་དག་གི་སྨིན་གྲོལ་ལས་ཚོགས་དང་བཅས་པ་གནང་བ་ན། བཙུན་མོ་དམར་རྒྱན་དང་སྡིག་བློན་རྣམས་ཀྱིས་ཆོས་མིན་ཞེས་སྐུར་པ་བཏབ་པས་རྒྱལ་པོ་ཐེ་ཚོམ་སྐྱེས་ཏེ་ལྷོ་བྲག་མཁར་ཆུར་སྤྱུགས། དེར་སྒྲུབ་པ་མཛད་པས་བྲག་ལ་སྐུ་རྒྱབ་ཀྱི་རྗེས་དང་ཕུར་པ་བཏབ། ཉི་ཟེར་ལ་ཆིབས་ནས་གཤེགས་བཞུད་མཛད། དེ་ནས་མ་འགྱངས་པར་ཡང༌། རྒྱལ་པོ་བསྙུན་ཐུ་མོས་ཟིན་པ་ན། མོ་རྩིས་ལ་ནམ་མཁའི་སྙིང་པོས་ཕན་ཟེར་བ་བབས་པ་བཞིན། ཨཱ་ཙཱརྻ་ཡེ་ཤེས་དབྱངས་དང་གསལ་མཆོག་གཉིས་སློབ་དཔོན་སྤྱན་འདྲེན་པ་ལ་བཏང་