[A:༣༠]པས་སྔོན་ལ་སོང་གསུངས། བང་ཕྱིན་མ་སླེབས་པར་སློབ་དཔོན་བསམ་ཡས་སུ་བྱོན་ནས། རྒྱལ་པོ་སྐུ་ཁམས་མི་བདེའམ་གསུངས་པས། ད་ཤི་བ་ལ་ཐུག །འདི་ལ་ཕན་པ་ཨི་ཡོད། ཡོ་བྱད་ཅི་དགོས་གསུངས་པས། སློབ་དཔོན་གྱིས་ཕན་ཐབས་ཡོད། ཡོ་བྱད་ཅིའང་མི་དགོས། རྒྱལ་པོ་རང་གིས་གསོལ་བ་གང་བཞེས་ང་ལ་དྲོངས་ཤིག་གསུངས་ནས། ཟས་ཀྱི་རྣལ་འབྱོར་མཛད་དེ་གསོལ་བ་ཙམ་གྱིས་ཅུང་ཟད་བདེ། དེ་ནས་སུམ་ཆ་དང༌། སུམ་གཉིས་དང༌། ཡོངས་རྫོགས་བཞེས་པ་ནས་རིམ་བཞིན་བསྙུན་ལས་གྲོལ། གསོལ་བའི་ལྷག་མ་མཛོ་ཞོ་དང་བཅས་པར་སློབ་དཔོན་གྱིས་ཞལ་ཆབ་བཏབ་སྟེ་རྒྱལ་པོར་གནང༌། ཉི་མ་བཞུད་ཁར་རྒྱལ་པོའི་དབུ་བསིལ་བ་ན། སློབ་དཔོན་གྱིས་ཉི་གྲིབ་མཚམས་སུ་ཕུར་པ་བཙུགས་ཏེ་ཉི་མ་བཟུང༌། དབུ་སྐྲ་བསིལ་ཚར་མ་ཐག་ཕྱུགས་རྣམས་ར་བར་ཆུག་ཅིག་གསུངས་ནས། ཕུར་པ་བཏོན་པས་ཉི་མ་ནུབ་པ་སོགས་ཐུགས་རྗེ་དང་རྫུ་འཕྲུལ་ལ་རྒྱལ་པོ་ཐུགས་རངས་ནས་ཟ་འོག་གི་བེར་སོགས་ཕུལ། སློབ་དཔོན་གྱིས་བཀའ་འཁོར་དམ་པའི་རྒྱུད་ལྔ་དང༌། སྨེ་བརྩེགས་མེ་ལྟར་འབར་བ། འཇམ་དཔལ་གསང་རྒྱུད། གྭའུ་ནག་པོ། རོ་ལངས་གསང་རྒྱུད། ཙིཏྟ་གསང་རྒྱུད་རྣམས་བསྒྱུར། དེ་ནས་སྔར་ལོ་པཎ་དུ་མས་ཆོས་བསྒྱུར་བ་རྣམས་ལ་རབ་གནས་མཛད་པའི་ཚེ་རྒྱལ་པོ་དང་ནམ་མཁའི་སྙིང་པོ་གཉིས་ཁྲོམ་གསེབ་ཏུ་ཕྱག་ལ་མ་འཆམས་པས། ནམ་མཁའི་སྙིང་པོས་རྒྱལ་པོའི་བླ་མ་མི་བྱེད་དོ་གསུངས་ནས་ལྷོ་བྲག་མཁར་ཆུར་འབྱོན་པར་ཆས་པ་ན། ལོ་པཎ་གཞན་གྱིས་ཡོན་མཆོད་གྱི་བར་དུ་མཚམས་སྦྱར་ཏེ། ནམ་མཁའི་སྙིང་པོ་བཞུགས་པར། ཕྱི་བློན་ནང་བློན་རྣམས་ཀྱིས་སློབ་དཔོན་