R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༣༤
[A:༣༤]རྣམས་འཇིབས་པས་རོ་ཕུན་སུམ་ཚོགས་པ་ཡོད་པ་ཞིག་བྱུང་གསུང་བ་ཀུན་རྫོབ་ལྟར་སྣང་དུ་སྐུ་ཚེ་འདིར་གང་ཟག་གཞན་ལས་མ་གསན་ཡང༌། མནལ་ཉམས་ལྟ་བུར་དག་པ་ཡེ་ཤེས་ཀྱི་སྐུ་གང་རུང་གིས་རྗེས་སུ་མ་བཟུང་བའི་ངེས་པ་མེད་པར་མ་ཟད། སྐུ་ཕྲེང་གཞན་དུ་གསན་སྒོམ་གནང་བའི་སྨོན་ལམ་དབང་བསྐུར་དང༌། བཀའ་བབས་ལུང་བསྟན་ལྟ་བུར་ཡིན་པ་དང༌། ངེས་དོན་དུ་གུ་རུ་པདྨ་ཉིད་དུའང་ཞལ་གྱིས་བཞེས་སམ་སྙམ་པའི་ཁུངས་ཤིན་ཏུ་མང་ཡང༌། རེ་ཞིག་ཡི་གེའི་དབང་གིས་དེ་ཙམ་མོ། །ཡང་སྐབས་ཤིག་ངས་བྲམ་ཟེ་ཏ་ཐཱ་ག་ཏ་རཀྵི་ཏར་སྐྱེ་བ་བླངས་པ་ཞིག་ཀྱང་དྲན་གསུངས། ཇི་ལྟར་ལགས་ཞུས་པས། རྨི་ལམ་ཞིག་ལ་ཞལ་བྲམ་གཟུགས་ཀྱི་སྐུ་ཐང་ལེགས་པ་ཞིག་འདུག་པའི་གཤམ་ན་འདི་ཏ་ཐཱ་ག་ཏ་རཀྵི་ཏའི་ཐུགས་དམ་མ་ཡིན་ཟེར་བ་ཞིག་འདུག་པར། དེ་ང་ཡིན་སྙམ་པ་ཞིག་བྱུང་གསུངས། རྗེས་སུ་འཁྲུངས་རབས་ཀྱི་ལྗགས་ལུང་སྩལ་བའི་ཚེ་འདིར་ཏ་ཐཱ་ག་ཏ་རཀྵི་ཏ་མི་སྣང་ཞུས་པས། ཡོད་ཚད་ཅི་ལ་འོང༌། དྲན་ཚད་བྲིས་ན་བོང་བུ་ཞིག་ཏུ་སྐྱེས་པའང་དྲན་ཏེ། དེའང་རྒོད་དཀར་ལའི་རྩེ་འོག་ཞིག་ཏུ་བདག་པོ་རྣམས་ཚ་ཕོག་བྱེད་ཅིང་ཉི་མ་དགོང་མྱུར་ཙམ་ལ་ད་དུང་ལ་རྩེར་སླེབས་པ་དཀའ་མོ་འོང་འདྲ་སྙམ་སེམས་ལས་དང་བཅས་ཉལ་ནས་ཡོད་པས་མིག་གྱེན་ལ་བལྟ་བ་ཞིག་ཀྱང་དྲན་གསུངས་པ་ནི། རྗེ་མཁྱེན་བརྩེས། དག་དང་མ་དག་སྐྱེ་བ་བཅུ་གཉིས་མཐར། །ཞེས་དང༌། བདག་ཅག་གི་སྟོན་པས་ཀྱང༌། སེང་གེ །གླང་ཆེན། ངང་པའི་རྒྱལ་པོ་སོགས་སྣ་ཚོགས་སུ་སྐུ་འཁྲུངས་པ་དང་འདྲ་བར་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དུ་སེམས་ཞེས་ཞལ་དཀར་བ་གསུངས་པ་དང༌།