R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༣༣
[A:༣༣]པ་དང༌། རྟོགས་པའི་ཡོན་ཏན་བྱང་སེམས་དང་ཏིང་འཛིན་ཕུན་སུམ་ཚོགས་ཤིང༌། སྤྱན་དང༌། མངོན་ཤེས་དང༌། རྫུ་འཕྲུལ་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་མངའ་བས་པཎ་གྲུབ་ཀུན་ལས་ཆེས་ལྷག་པར་མཐོང་ནས། རྒྱལ་པོ་དྷརྨཱ་པཱ་ལས་ཨ་ཏི་ཤ་ཞེས། བོད་སྐད་དུ་ཕུལ་དུ་བྱུང་བའི་མཚན་གསོལ་ཏེ། རྒྱལ་གར་དུ་བསྟན་འགྲོའི་དོན་དཔག་མེད་མཛད་ནས་དགུང་ལོ་ང་བདུན་པའམ་རེ་གཅིག་གང་རུང་ལ་ལྷ་བཙུན་ཁུ་དབོན་གྱིས་བོད་དུ་སྤྱན་དྲངས་ཏེ་སངས་རྒྱས་ཀྱི་བསྟན་པ་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟར་མཛད་པ་དེ་ཉིད་ཡིན་ལ། གཞན་ཡང་ཆོས་རྒྱལ་དབང་པོའི་སྡེས་མཛད་པའི་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་ལས། རིག་འཛིན་པདྨའི་རྣམ་སྤྲུལ་ཨ་ཏི་ཤ །ཞེས་གསུངས་པར་དཔག་ན། དེ་གཉིས་ཐུགས་རྒྱུད་གཅིག་པས། སློབ་དཔོན་ཆེན་པོའི་སྤྲུལ་པར་ཡང་མི་འགལ་ལམ་སྙམ་སྟེ། སྐབས་ཤིག་འདར་གྲོང་མཁན་པོ་ཞལ་དཀར་རྗེ་དྲུང་ལ་གསུང་སྒྲོས་ཀྱི་མུར། ང་ཚེ་རབས་མང་པོར་སློབ་དཔོན་ཆེན་པོས་རྗེས་སུ་བཟུང་བ་ཞིག་ནི་ངེས་པར་ཡིན་འདུག་ཕེབ་པར། དེ་ཇི་ལྟར་ལགས་ཞུས་པས། ཆུང་ངུའི་སྐབས་དབང་ལུང་གང་ཡང་མ་ཐོབ་པའི་རྙིང་ལུགས་ཀྱི་ཉམས་ལེན་ཞིག་ལ་བརྟེན་ནས་རྨི་ལམ་བཟུང་བས། བཀྲ་ཤིས་ཆོས་སྡེའི་སྒོ་འཕྱོར་རབ་གསལ་གྱི་དཔྱང་ཁར་ཕྱིན་པས་གཡང་ཟ་སྙམ་གྱིས་རྐྱེན་བྱས་རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་གྱི་སྣང་བའང་ཤར་བཞིན། དེ་མཚུངས་དབང་ལུང་དང་བྲལ་བའི་པད་གླིང་ནས་བརྒྱུད་པའི་ཚེ་སྒྲུབ་ཅིག་ལ་ཉམས་ལེན་བགྱིས་ནུབ། དེ་ཁའི་རྨི་ལྟས་སུ། ཚེ་བུམ་གྱི་རྩེ་རྒྱན་ཚེ་དཔག་མེད་ཀྱི་སྐུ་ཡོད་པར་ཟིལ་པ་ཕྲོམ་ཕྲོམ་བ་ཞིག་གི་ཟིལ་པ་