[A:༣༥] ས་སྐྱའི་རིག་འཛིན་ཕོ་བྲང་དུ་བཞུགས་སྐབས་ཤིག །མནལ་ལམ་དུ་ས་སྐྱ་པཎྜི་ཏ་བཞུགས་ཡོད་དགོངས་པ་ལ། ས་སྐྱའི་ཤར་ཕྱོགས་སུ་མུ་སྟེགས་འཕྲོག་བྱེད་དགའ་བོའི་གུར་ཡིན་འདུག་ཟེར་བའི་གུར་མང་པོ་རྨིས་པས། ས་པཎ་གྱི་སྐུ་འཁོར་ཞིག་གི་སྐྱེ་བ་ཡིན་ཚོད་དུ་འདུག་ཅེས་རྫོང་རམས་པར་གསུངས་པ་དང༌། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་སྤྲུལ་ཡིན་པ་ནི། གྲུབ་དབང་ཐང་སྟོང་རྒྱལ་པོ་དང༌། བདག་ཆེན་རྡོ་རྗེ་འཆང་སོགས་ཀྱི་རྣམ་སྤྲུལ་གྲུབ་དབང་སྒྲོ་ལུང་པ་ཆེན་པོ་མང་ཐོས་བསོད་ནམས་ཆོས་འཕེལ་དང༌། གྲུབ་པའི་སར་བཞུགས་དམ་ཅན་བྲན་དུ་འཁོལ་བའི་ཁམས་སྟོན་ཆེན་པོ་སངས་རྒྱས་རྒྱ་མཚོ་སོགས་དམ་པ་དུ་མས་འཁྲུལ་མེད་དུ་ངོས་འཛིན་མཛད་པ་ནི་འོག་ཏུ་གསལ་བ་ལྟར་དང༌། བསམ་ཡས་ཆོས་སྐྱོང་ཆེན་པོས་ཀྱང་གནས་ཆུང་ལྕོག་ཏུ་རྒྱ་དར་དཀར་པོ་ལ་ཡིག་བརྒྱའི་སྙིང་པོ་བྲིས་ནས་ཕུལ་ན་བཟང༌། ཞེས་ལུང་བསྟན་གྱི་དགོངས་གཞི། སྔར་གུང་ཐང་དུ་ཁྱབ་བདག་བཀའ་འགྱུར་བ་དང་གནས་ཆུང་ཆོས་སྐྱོང་གཉིས་ལ་དམ་སེལ་ཅུང་ཟད་བྱུང་བ་དེ་ཞི་བྱེད་ཀྱི་ལུང་བསྟན་འཁྲུལ་མེད་དང༌། རྗེ་འདི་ཉིད་ཀྱིས་ཀྱང་སྔོན་གནས་རྗེས་དྲན་གྱི་ཚུལ་གསལ་བར་གསུངས་པ་ནི། ཆུང་ངུ་ནས་དབུས་སྐད་གསུངས་པ་དང༌། རྗེ་ངག་ལ། བཀའ་ལས། དབུས་འགྲོ་དང་པོའི་ཉེར་བསྡོགས་སྐབས། གོང་དཀར་ཆོས་སྡེ་དྲན་གསོས་པ་དང༌། གོང་དཀར་དུ་ཐོག་མར་སླེབས་པའི་སྣ་བསྟད་ཀླུ་དབང་གླིང་ཞེས་ཁྱབ་བདག་བཀའ་འགྱུར་བའི་བཞུགས་གནས་དེར་ཐུག་པའང་དེའི་སྐྱེ་བ་འདྲ་རུང་ཙམ་ཡིན་འདྲ་ཕེབ་པ་དང༌།