R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༤༠
[A:༤༠]བསྟན་སྤྱི་དང༌། བྱེ་བྲག་གི་བདག་པོར་གྱུར་པའི་བདག་ཅག་གི་རྣམ་འདྲེན་དམ་པ་འདི་ཉིད་དུ་སྐྱེ་བའི་ཆོ་འཕྲུལ་བསྟན་པའི་ཚུལ་ནི། གང་གི་རྣམ་ཐར་གསོལ་འདེབས་ཀུན་དགའ་ཡེ་ཤེས་སྒྲོལ་མས་ཞུས་ངོར་སྩལ་བ་ལས། སྔོན་གོམས་དགེ་ལེགས་སྨོན་ལམ་འབྲས་བཟང་པོ། །མ་ཉམས་ལྷ་ཡི་རིགས་སུ་ཡོངས་སྨིན་པ། །སྐྱོན་བྲལ་མཚན་དཔེའི་དཔལ་གྱིས་མངོན་པར་མཛེས། །མཐོང་བ་དོན་ལྡན་གཞོན་ནུའི་སྐུ་ལ་འདུད། །ཅེས་གསུངས་པ་ལྟར་རྗེ་འདི་ཉིད་གང་དུ་འཁྲུངས་པའི་ཡུལ་ནི། དེའང་སྐྱབས་མགོན་འདི་ཉིད་ཞིང་ཁམས་གཞན་དུ་གཤེགས་ཉེའི་སྐབས་རྨོར་དུ་ཕེབ་དུས་གོང་གི་ཞབས་འབྲིང་སྙེ་ཐང་འཕགས་བདེ་བ་བློ་གསལ་རབ་རྒྱས་ཀྱིས་ད་ལམ་སྐུ་ཁམས་དྭངས་འཕྲལ་རྨོར་འདིར་ཐུགས་བྲེལ་ཆུང་བར་འོང་འདུག་གཤིས་རྣམ་ཐར་རིན་པོ་ཆེ་ཞལ་གསུང་མ་ཞིག་ཐུགས་རྗེས་གཟིགས་དགོས་ཚུལ་ཞུས་པར། ཁོ་བོའི་རྣམ་ཐར་ཁོ་ན་རྐྱང་འདེད་དུ་བྲིས་ཀྱང་ཉིང་དགོས་ཧ་ཅང་མི་འདུག་པས། ངེད་རང་གི་བསམ་པ་ལྟར་ན། དང་པོ་རིགས་རུས་འཆད་སྐབས་སུ་བོད་ཀྱི་མི་རིགས་སོགས་བྱུང་ཚུལ། སྐྱེས་པའི་སྐབས་གཟའ་སྐར་གྱི་རྣམ་གཞག་སོགས་རྒྱས་པ། སྐྱེ་ཡུལ་ངོས་འཛིན་སྐབས་བོད་ཁམས་གླིང་དགུ་དང་སྟོང་སྡེ་བཅོ་བརྒྱད་སོགས་བྱུང་ཚུལ། རབ་ཏུ་བྱུང་སྐབས་འདུལ་བའི་སྐོར་སོགས་ཀྱི་རྣམ་གཞག་རྒྱས་པ། དཔེར་ན་མི་བློ་གྲོས་འབྲིང་ཙམ་ཞིག་གིས་རྣམ་ཐར་ཚར་གཅིག་བཀླགས་པས་ཕྱི་ནང་གི་རིག་གནས་གང་ཅིའི་དོན་སྤྱི་ཆར་ངེས་པ། དེའི་ཁོངས་ནས་རྣམ་ཐར་ཡང་ཐོན་པ་ཞིག་བྱུང་ན་སྙམ་ཡང་ཡི་གེས་འཇིགས་ནས་མ་བྱུང་གསུངས་པས། བློ་གསལ་རབ་རྒྱས་ཀྱིས། འོ་ན་ཅི་ནས་