R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༤༡
[A:༤༡]ཀྱང་བརྩེ་གཟིགས་སྐུ་དྲིན་ཆེ་བ་ཞུ་ཤིང༌། བཀའ་བསྟན་སོགས་ཀྱི་ལུང་ཁུངས་ལེན་པ་དང༌། ཡི་གེའི་ཞབས་འདེགས་ཞུ་ཆོག་ཚུལ་ཞུས་པར། ཅིའང་མི་གསུང་ཞེས་བཤད་པས། རྣམ་འདྲེན་དམ་པ་དེ་ཉིད་ཀྱི་ཐུགས་ལ་ཤར་བ་བཞིན་ལོ་རྒྱུས་ཟབ་ཅིང་རྒྱ་ཆེ་བ་ཞིག་བདག་ལྟ་བུས་འདྲི་བ་རྔོ་མ་ཐོགས་ཀྱང༌། ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་རྫོགས་པའི་ཕྱིར་དང༌། གང་དག་མ་དད་པ་དག་དད་པར་བྱ་བའི་ཕྱིར་དང༌། དད་པ་དག་ཀྱང་དད་པའི་དངོས་པོ་ཕྱི་ཕྱིར་གོང་འཕེལ་དུ་འགྱུར་བའི་ཕྱིར་དང༌། རང་གཞན་ཀུན་གྱི་རྒྱུད་ལ་ཡེ་ཤེས་གཟིགས་པའི་བྱིན་རླབས་ཁྱད་པར་ཅན་ཅི་དགར་འཇུག་པ་སོགས་དགོས་པ་དང་ཉིང་དགོས་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར། ཟབ་ཡངས་ཡོན་ཏན་རྒྱ་མཚོའི་བརྗོད་བྱའི་རང་བཞིན་ལས། རྗོད་བྱེད་རང་བློས་གང་ཟིན་ཙམ་ཞིག་འབྲི་ན། སྐུ་འཁྲུངས་པའི་ཡུལ་ནི། དེའང༌། ཚུལ་གསུམ་གསལ་རྒྱན་ལས། དེ་ཡི་གནས་ནི་སྟུག་པོ་བཀོད་པ་སྟེ། །མི་མཇེད་འཇིག་རྟེན་ཁམས་སོགས་དུ་མ་ཞིག །ནང་དུ་ཚུད་པ་མེ་ཏོག་རྒྱན་གྱིས་བརྒྱན། །དེ་འདྲ་དུ་མ་ནང་དུ་ཚུད་པ་ནི། །རྒྱ་མཚོ་ཞེས་བྱ་ལོངས་སྐུའི་ཕྱག་ན་གནས། །ཞེས་པ་ལྟར། སྟོན་པ་རྣམ་པར་སྣང་མཛད་གངས་ཅན་མཚོའི་ཕྱག་མཐིལ་གྱི་ལྷུང་བཟེད་སྤོས་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོའི་དབུས་སུ། པདྨའི་སྡོང་པོ་ཆེན་པོ་རྒྱ་ཁྱོན་རབ་ཏུ་ཡངས་པ་སྐྱེས་པ་ལ། མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་ཐོ་བརྩེགས་སུ་ཡོད་པའི་མེ་ཏོག་རེ་རེའི་སྟེང་དུ་འཇིག་རྟེན་གྱི་ཁམས་རེ་རེ་ཡོད་པར་གསུངས་པའི༌། པདྨ་བཅུ་གཉིས་ཡར་མར་དུ་བརྩིས་པའི་དབུས་བཅུ་གསུམ་པའི་སྟེང་ན་གནས་པའི་འཇིག་རྟེན་གྱི་ཁམས། སྤྲུལ་པའི་སྐུ་སྟོན་པ་ཤཱཀྱའི་རྒྱལ་པོའི་