R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༣༩
[A:༣༩]བར་གཤེགས་པའི་དུས་སུ་བཀོད་པ་མི་འདྲ་བ་གཉིས་མཛད་པའི་ཚུལ་ཡབ་སྲས་གཉིས་པོ་དེའི་རྣམ་ཐར་དུ་གསལ་བ་དང་མཚུངས་ཤིང༌། གཞན་ཡང་དེ་འདྲའི་རིགས་ཅན་མང་དུ་སྣང་བས་སོ། །གཞན་ཡང་བླ་མ་ས་སྐྱ་པ་ཆེན་པོ་གཞོན་ནུའི་སྐབས། གྲུབ་པའི་དབང་ཕྱུག་གནང་ཁའུ་པས་སྐུ་པང་དུ་བཞེས་ནས། འདི་ནི་ངེས་པར་སྤྱན་རས་གཟིགས་སམ། བྱང་ཆུབ་སེམས་དཔའ་སྦྱིན་པའི་དཔལ་ཉིད་ཡིན་ལ། རྣལ་འབྱོར་དབང་ཕྱུག་ཉིད་དུའང་མི་འགལ་བ་ཡིན་ནོ། །ཞེས་གསུངས་པ་འདིས་ནི་སློབ་དཔོན་ཆེན་པོ་ཉིད་དུའང་མི་འགལ་བར་བསྟན་པ་ཡིན་ཏེ། སློབ་དཔོན་ཆེན་པོ་ནི་འཕགས་པ་སྤྱན་རས་གཟིགས་ཉིད་ཡིན་ཞིང༌། དེ་དང་རྣལ་འབྱོར་དབང་ཕྱུག་མི་འགལ་བར་གསུངས་པའི་ཕྱིར་དང༌། སྔར་སྨོས་པ་ལྟར་རྗེ་ཉིད། རྗེ་བཙུན་ཆེན་པོས་རྩེ་མོར་བསྟོད་པ་ལས། འཇམ་པའི་དབྱངས་དང་བྱམས་མགོན་དབྱེར་མེད་པའི། །བླ་མ་མཆོག་དང་དམ་པ་ཁྱོད་ཉིད་ལ། །ཁྱད་པར་འགའ་ཡང་བདག་གིས་ཡོད་མ་ཤེས། །ཞེས་སོགས་དྲི་མ་མེད་པའི་ལུང་གིས་གྲུབ་པའི་ཕྱིར་རོ། །དེ་དག་གི་དོན་བསྡུ་ན། དང་པོར་ཆོས་ལོངས་སྤྲུལ་གསུམ་རྫོགས་སངས་རྒྱས། །བར་དུ་བྱང་སེམས་མཁས་གྲུབ་བཟང་རིམ་པ། །ཐ་མར་ཁྱབ་བདག་བཀའ་འགྱུར་མཚན་ཅན་སོགས། །གནས་གསར་འཇམ་མགོན་བླ་མའི་འཁྲུངས་རབས་ཡིན། །ཞེས་སོ། །དེ་ལྟར་བཤད་མ་ཐག་པའི་སྤྲུལ་པའི་སྐུའི་བཀོད་པ་ཇི་སྙེད་ཅིག་བསྟན་པ་དེ་དག་གིས་མཛད་ཕྲིན་བླ་ན་མེད་པའི་རྒྱུན་སླར་ཡང་སྤེལ་ནས་སྙིགས་དུས་ཀྱི་བསྟན་འགྲོའི་དཔལ་མགོན་མཛད་པར་བཞེད་དེ། ངུར་སྨྲིག་གི་བླ་གོས་འཆང་བའི་རྣམ་རོལ་དུ་བསྟན་ནས་རྒྱལ་