[A:༤༢]གདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ལ་རི་རབ། གླིང་བཞི། གླིང་ཕྲན། ལྕགས་རི་དང་བཅས་པ་ཡོད་པའི་གླིང་བཞི་གླིང་ཕྲན་གཞན་ལས་ཁྱད་པར་དུ་འཕགས་པ་འཛམ་གླིང་ལས་ཀྱི་ས་པ་འདི་ལ། རིའི་རྒྱལ་པོ་གངས་ཅན། བྲག་གསེར་གྱི་བྱ་སྐྱིབས་ཅན། མཚོ་ཆེན་པོ་མ་དྲོས་པ་རྫིང་བུ་དལ་གྱིས་འབས་པ། ཤིང་སཱ་ལའི་རྒྱལ་པོ་ལ་སོགས་པ་ཡུལ་གྱི་བཀོད་པ་ངོ་མཚར་ཅན་དུ་མས་མཛེས་ཤིང༌། མ་དྲོས་པའི་འགྲམ་དུ་ཤིང་གི་རྒྱལ་པོ་འཛམ་བུ་ཏྲི་ཤ་ཞེས་བྱ་བ་ལ། འབྲས་བུ་རོ་མཆོག་བརྒྱ་དང་ལྡན་པ་རྣམས་ཤིན་ཏུ་སྨིན་པར་གྱུར་པས། ཆུ་ནང་དུ་ལྷུང་བ་ན། ཛམ་ཞེས་བྱ་བའི་སྒྲ་བྱུང་བ་ལས་མཚོན་ཏེ། འཛམ་བུའི་གླིང་དུ་བཏགས་པ་འདི་ལ་གྲོང་ཁྱེར་ཆེན་པོ་ལྔ་བརྒྱ། ལྗོངས་ཆེན་པོ་བཅུ་དྲུག །ཡུལ་ཕྲན་སྟོང༌། ཡུལ་ཆེན་སོ་གཉིས། གནས་ཉེར་བཞི། དུར་ཁྲོད་ཆེན་པོ་བརྒྱད། མི་རིགས་སུམ་བརྒྱ་དྲུག་ཅུ། སྐད་རིགས་བདུན་བརྒྱ་ཉི་ཤུ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་པའི། ཤར་ཕྱོགས་ན་རྒྱ་ནག་དང་ཁྲི་བརྟན། རྒྱ་ནག་ཏུ་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་གྱི་ཕོ་བྲང་རི་བོ་རྩེ་ལྔ། ལྷོར་རྒྱ་གར་དང་ཁ་ཆེ། རྒྱ་མཚོའི་འགྲམ་ན་འཕགས་མཆོག་ཕྱག་ན་པདྨའི་ཕོ་བྲང་རི་བོ་གྲུ་འཛིན། ནུབ་ཏུ་སྟག་སྡེ་དང་གཟིག་ཡན། རིག་འཛིན་གྲུབ་པའི་དབང་པོ་རྣམས་དགྱེས་རྒུར་སྤྱོད་པའི་གནས་མཆོག་ཨཽ་ཌི་ཡ་ན། བྱང་དུ་ཁྲམ་དང་གེ་སར། ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་པའི་གནས་ཤམྦྷ་ལར་ཆ་བསགས་ཀྱི་ཕོ་བྲང་གྲོང་ཁྱེར་བྱེ་བ་དགུ་བཅུ་དང་བཅས་པ་ཡོད་པའི་ཡུལ་གྱི་བྱེ་བྲག་སྤུར་རྒྱལ་བོད་དུ་གྲགས་པ་གངས་རི་དཔལ་དང་ལྡན་པས་བསྐོར་བའི་ལྗོངས། འཕགས་