[A:༤༤]དམ་གྱི་ལྷའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མཚན་མ་གསལ་བྱེད་དུ་བྱིས་པ་དག་གིས་ཀྱང༌། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་གསུངས་མཆོག་ཡི་ གེ་དྲུག་པའི་སྒྲ་རང་བྱུང་དུ་སྒྲོགས་པ། ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ། རྒྱལ་བསྟན་རིན་པོ་ཆེའི་སྲོག་གནས་པས་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས། གངས་ཅན་ནམ། བོད་དུ་གྲགས་པ་འདི་ལ། སྟོད་ན་མངའ་རིས་སྐོར་གསུམ། སྨད་ན་མདོ་ཁམས་སྒང་གསུམ། བར་ན་དབུས་གཙང་རུ་བཞི་སོགས་ཡོད་པ་ལས། གཙང་གི་གཡས་རུ། དེ་ལ་སྔོན་གྱི་དུས་ན་བོད་དབུས་གཙང་གི་ཆ་ལ། སྟོང་སྡེ་བཞི་བཅུ། སྟོང་བུ་ཆུང་བཞི་དང་བཅས་པའི་དབྱེ་བ་མཛད་པའི་ཚེ། ཁྱུང་པོ། །སྤ་ཚབ། ལངས་པ། འགོས་རྣམས་ལ་སྟོང་སྡེ་གཉིས་གཉིས། སླེ་བྱ་ལ་སྟོང་བུ་ཆུང་གཅིག་དང་བཅས་པ་ཡོད་པ་ལས། སླེ་བྱའི་སྟོང་སྡེར་གཏོགས་པ། རྒྱ་མཚོ་ཞེས་བྱ་བ་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་པའི་སྒྲུབ་གནས་སོག་པོ་འཛུར་ཁུང་དང་ཧ་ཅང་མི་རིང་ཞིང༌། འགྲོ་བའི་གདུང་སེལ་རང་བྱུང་ཁྲུས་ཀྱི་རྫིང་བུ་དང་འདབ་འབྱོར་བ། མི་རྣམས་དཔའ་རྩལ་དང་ལྡན་པ། གཡོ་སྒྱུ་མེད་ཅིང་བཟོད་བསྲན་ཆེ་ལ་བློ་བརྟན་པ། གཤོང་ཞིང་དང་གམ་འབྲོག་ཟུང་དུ་སྤྱོད་པས་ལོངས་སྤྱོད་ཆེ་བ། དེ་ལྟ་བུའི་ཡུལ་གྱི་བྱེ་བྲག་ལོ་ཚ་ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་འདིའི་འཁྲུངས་ཡུལ་ཡིན་ལ། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་མིའི་ཟློས་གར་དུ་བཞེངས་པའི་གདུང་རུས་ནི། བོད་སྔ་རབས་པའི་བཤད་སྲོལ་བོད་ཡུལ་མ་སངས་ཀྱིས་བཟུང་བའི་ལོ་རྒྱུས་ལས་བསྙད་དེ་བོན་གྱི་ལུགས་ལྟར་འཆད་ན། རྒྱལ་རབས་ཁུག་པ་ཞེས་བྱ་བའི་བསྟན་བཅོས་ལས། བོད་མི་རྒྱུད་དྲུག་ཏུ་གྲོལ་བ་ནི། ཞེས་སོགས་རྒྱ་ཆེར་བཤད་པའི་དོན། བོད་མི་