[A:༤༥]ཁྲི་མཐོ་ཞེས་བྱ་བར་སྲས་དྲུག་བྱུང་བ་ནི་དབྲ་འབྲུ་ལྡང་གསུམ་སྒ་དང་བཞི། ནུ་བོ་དཔའ་རྡ་གཉིས་དང་དྲུག་བྱུང་བ་ལ། ཆེ་རྒྱུད་གོང་ནས་མ་ཤོར་བ། །ཕུ་བོ་ལྡོང་གི་མི་རྒྱུད་ཡིན། །ཞེས་གསུངས་པའི་ཕུ་བོ་ལྡོང་ལས་གྱེས་པ་ལ་རུས་ཆེན་བཅོ་བརྒྱད་ཡོད་པར་གྲགས་ཏེ། །རླངས་ཀྱི་པོ་ཏི་བསེ་རུ་ལས། །ཆེ་བ་སྨུག་པོ་ཆུང་ལྡོང་ལ། །ཆེ་དྲུག་བཙན་དྲུག་རྒྱུད་པ་བྱུང༌། །ང་ཆེ་རུས་ཆེན་བཅོ་བརྒྱད་ཡོད། ཅེས་གསུངས་པའི་བཅོ་བརྒྱད་ཀྱི་དང་པོའི་ནང་གསེས་ལས་བརྒྱུད་པ་མང་དུ་འཕེལ་བའི། ལྕོག་རྩེ། ལྕོག་རོ། འབྲོ། ཁྱུང་པོ། ཟངས་དཀར། འ་ཞྭ་སྟེ་དྲུག་གིས་མངའ་རིས་སྐོར་གསུམ་བཟུང་བར་བཤད་པའི་འ་ཞྭ་སྟེ། རྒྱལ་སྲིད་བོན་བཞིན་སྐྱོང་བའི་རྒྱལ་པོ་ཞིག་ཡིན་པ་ལ། བོད་སྤྱི་ལ་དབང་བའི་རྒྱལ་པོ་གཉའ་ཁྲི་བཙན་པོའི་མངའ་འབངས་སུ་གྱུར་ཏེ། རྗེ་དང་གཉེན་བསྲེས་པས་དཔོན་ཞང་དུ་སོང༌། བོན་གྱི་གྲུབ་ཐོབ་ཤ་སྟག་ཏུ་བྱུང་ཞིང༌། བླའི་མཆོད་གནས་སུ་བཀུར་བའི་ཆེ་གཉེན་བཙུན་གསུམ་འཛོམ་པའི་རྒྱལ་པོའི་གདུང་དྲི་མ་མེད་པ་ལས་རིམ་གྱིས་བྱུང་བ་ལགས། ཆོས་ལུགས་ལྟར་འཆད་ན། འཇམ་དཔལ་རྩ་བའི་རྒྱུད་ལས། ང་ནི་འདས་ནས་ལོ་བརྒྱ་ན། །ཁ་ཡི་ལྗོངས་སུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། བོད་ཡུལ་འདི་ཉིད་དང་པོ་ཆུས་ཡོངས་སུ་གང་བ་ལས་རིམ་གྱིས་བྲི་སྟེ་སཱ་ལའི་སྨན་ལྗོངས་སུ་གྱུར་པའི་སྟོད་དུ་གླང་པོ་དང་རི་དྭགས། བར་ན་རི་དྭགས་དང་སྤྲེའུ། སྨད་ན་སྤྲེའུ་དང་བྲག་སྲིན་གྱིས་བཟུང་སྟེ་གནས་པ་ལས། འཕགས་མཆོག་ཕྱག་ན་པདྨོ་དང་རྒྱལ་ཡུམ་ཕྲིན་ལས་ལྷ་མོའི་ཐུགས་རྗེའི་འཇུག་པ་མཆོག་ཏུ་ཟབ་པས། སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་མིའི་འགྲོ་བ་བྱུང་ཞིང༌། དེ་དག་ལས་