[A:༤༨]ཁེངས་པ་འཕྲོག་པར་ནུས་པ་ཤ་སྟག་མཆིས། ཐུན་བཞིའི་རྣལ་འབྱོར་ལ་ཐུགས་འགྲུས་ཤིང༌། ཡབ་མེས་ཀྱི་སྲུང་མ་རྩིས་མགོན་ལྷ་ཆེན་དཔལ་འབར་འཁོར་བཅས་ཀྱི་བསྐང་བ་སོགས་ཆོས་སྤྱོད་ཀྱི་རིགས་ཀྱང་རྟག་འགྲུས་སུ་མཛད། འདི་ལ་ད་ལྟ་ཞབས་དྲུང་མཁྱེན་དྲུང་ཞེས་ངག་རྒྱུན་ལ་སྣང་བ་མཁྱེན་རབ་བློ་ལྡན་ཞེས་པའི་མཚན་ཟུར་ཡིན་ནམ་སྙམ། དེའང་རིག་འཛིན་ཡོངས་འདུས་ལས། ཆོས་ཀྱི་གྲྭ་འབྱུང་དམ་ཚིག་མ་གཙང་ནཿ ཕོ་བདུད་འཁྲུགས་པས་ཉེར་གཅིག་གྲི་རུ་འཆི༔ ཞེས་པའི་ལུང་བསྟན་དུས་བབས་ཀྱི་སྡེ་པ་བཀྲ་ཤིས་རྩེ་པ་རྡོ་རྗེ་འཆང་ཁུ་དབོན་དེ་དག་ལ་ཡིད་གཉིས་ཀྱི་འཁྱོགས་ལ་འཕྱང་བའི་སྤྱོད་ཚུལ་ཅི་རིགས་བྱུང་བར་བརྟེན། སྡེ་པ་དངོས་གྲུབ་རྡོ་རྗེ་མཚོན་ཁར་གུམས་ཤིང༌། མི་ནོར་དཔུང་བཅས་རྩ་བརླག་གིས་མིང་ཙམ་དུ་གྱུར་པ་ཀུན་གྱི་མིག་སྔར་སོན་པ་འདི་ཉིད་ལགས། གང་ལྟར་དབྱིངས་པ་བསོད་ནམས་ཆོས་འཕེལ་ནས། རོང་བྱམས་ཆེན་གྱི་བཙུན་པ་དེ་སློག་པས་རིགས་རྒྱུད་སྤེལ་དགོས་ཚུལ་གནང་བ་དགོངས་པ་ནན་ཞུས་མཛད་པར། སྡེ་སྲིད་ནས་བླ་མའི་དབུ་ཚུགས་ལ་ཨང༌། ཁྱེད་རྣམས་རིགས་རྒྱུད་གཞན་དང་མ་འདྲ་བས་རིགས་རྒྱུད་དེ་ཆད་ན་མི་འོང་བར་འདུག་བསམ་པ་ཡིན་ཞེས་གསུངས་ཤིང༌། ཁྲོལ་ཆ་མ་གནང་བར་བརྟེན། དབོན་མཁྱེན་རབ་རྣམ་རྒྱལ་ལ་སླར་ཡང་སྲིད་སྐྱོང་གི་ཐུགས་འགན་བཞེས་དགོས་ཤར་ཞིང༌། རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་ཞབས་འབྲིང་དུ་བཞུགས། གོང་དུའང་མི་སྣར་ལན་འགའ་ཞིག་ཕེབ། བཀའ་འབུམ་རྣམས་ལ་བྲིས་ཞུས་མཛད་པས་མཚོན་ཞབས་འགྱུར་ལ་མཁོ་བ་བཅས། ཟབ་རྒྱས་ཀྱི་གདམས་པ་བསམ་གྱིས་མི་ཁྱབ་པ་དང༌། ལྷ་ལྡན་དུ་ཀརྨ་ཤག་ཆེན་གྱི་ས་རིས་འཛིན་བདག་མཛད་པ་སོགས་ལུགས་གཉིས་ཀའི་སྒོ་ནས་བཀའ་