R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༤༩
[A:༤༩]དྲིན་ཆེན་པོས་བསྐྱངས་ཤིང༌། ལྷག་དོན་ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྩལ་བས་ཉམས་རྟོགས་འཁྲུངས་པ་སོགས་ཀྱི་བསྔགས་བརྗོད་དང་བཅས་ཁྱིམ་པའི་རྡོ་རྗེ་འཛིན་པ་ཁོ་ནར་ངེས་ཤེས་རྙེད་པའི་ཐུགས་མཐོང་མཛད། རང་གི་མེས་པོ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་དང༌། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ། ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། རིག་འཛིན་ཆེན་པོ་ཀུན་བཟང་པདྨ་ཕྲིན་ལས། བཅོ་བརྒྱད་ཆོས་རྗེ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་ཡོངས་འཛིན་རྣམས་ལས་ཟབ་རྒྱས་ཀྱི་གདམས་པ་རྒྱ་ཆེར་གསན་ཞིང་ཉམས་བཞེས་ལ་བརྩོན་པར་མཛད། ལན་ཅིག་སྐྱིད་སྨད་ཕྱོགས་ནས་པོ་ཏ་ལར་ཕེབ་སྐབས་ཤིག་དཔོན་གཡོག་རྣམས་ཀྱི་ཐད་དུ་ཐོག་བབས་པ་ཕཊ་སྒྲ་དང་བཅས་སྡིགས་མཛུབ་ཀྱིས་བཟློག་པར་མཛད་ཅིང་དེའི་གནས་ཚུལ་རིམ་གྱིས་སྙན་དུ་སོན་པས་གོང་ཞབས་རིན་པོ་ཆེས་འ་ཞྭ་ཐོག་རྡུགས་མ་ཞེས་ཐུགས་གཙིགས་ཆེ། ལྷག་པར་ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་ལ་ཞང་བཀའ་རྒྱའི་སྐོར་ཡོངས་སུ་རྫོགས་པར་གསན་པ་ལས་བརྒྱུད་དེ། ཆོས་རྒྱལ་གཏེར་བདག་གླིང་པས་གསན་ཞིང༌། དེ་ལས་རྒྱ་ཆེར་འཕེལ་བ་དེང་སང་གི་བར་དུ་མ་ཉམས་པར་བཞུགས་པས་གཡུ་བྲག་འགྲོ་བའི་མགོན་པོའི་རྗེས་སུ་འཇུག་པ་རྣམས་དད་པའི་ཉི་གཞོན་གྱིས་བསྐྱོད་པའི་ལག་པའི་ཀུན་ད་ཟུམ་པར་རིགས། དེ་ལྟར་ཁྱིམ་པའི་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ཀྱི་ཁབ་ཏུ་ཚོང་འདུས་དཔོན་ས་དང༌། ལྷ་ལྡན་ཀརྨ་ཤག་ཆེན་གྱི་དཔོན་ས་འབལ་ཡག་གཉིས་བཞེས་པ་ལས། དང་པོ་ལ།