[A:༤༧]པའི་ལོ་རྒྱུས་ཀྱང་སྣང་ལགས། གང་ལྟར་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་ཡན་ཆད་རྣམ་ཐར་སྔ་མ་རྣམས་སུ་གསལ་ཞིང༌། དེའི་སྐུ་མཆེད་ལ། འ་ཞྭ་ནམ་མཁའ་དོན་གྲུབ་དབང་པོ་དང༌། ལྕམ་གཅིག་བྱུང་བ་ནམ་མཁའ་དོན་གྲུབ་དབང་པོ་ནི་ཡབ་མེས་ཀྱི་རྣམ་ཐར་ཁོ་ན་ལྷུར་མཛད་དེ་ཕྱི་དཔའ་མཛངས་ཀྱི་སྤྱོད་པས་སྲིད་ཀྱི་འཛིན་སྐྱོང་ལ་མཁས་པ། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་ཐུགས་གཞོལ་བས་གྲུབ་པའི་དབང་ཕྱུག་ཆེན་པོ་དང༌། ལྕམ་སྲིང་མ་དེའང་འཁོར་བའི་གནས་ཚུལ་འབར་བའི་མེ་འོབས་ལྟར་གཟིགས་ཏེ། ཚེ་འདིའི་བདེ་སྐྱིད་སྙན་གསུམ་མཆིལ་མའི་ཐལ་བ་ལྟར་བོར་ནས་གསང་ཆེན་ཟབ་མོའི་སྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་རང་བྱུང་གི་རྣལ་འབྱོར་མ་ཆེན་མོ་ཞིག་ཡོད་ཅེས་གསུངས་ལ། ནམ་མཁའ་དོན་གྲུབ་དབང་པོའི་སྲས་སུ་འ་ཞྭ་མཁྱེན་རབ་རྣམ་རྒྱལ་དང༌། ལྕམ་སྲིང་མ་མཁྱེན་རབ་བློ་ལྡན་གཉིས་འཁྲུངས་པར། འ་ཞྭ་མཁྱེན་རབ་རྣམ་རྒྱལ་རང་བྱམས་ཆེན་དུ་ཆོས་སྒོར་འཇུག་པ་གནང༌། ལྕམ་སྲིང་མའང་ཆོས་སྒོར་འཇུག་བཞེད་ལ། སྡེ་པ་བཀྲ་ཤིས་རྩེ་པའི་བདག་མོར་ནན་གྱིས་ཞུ་བ་མཛད་པར། བཀྲ་ཤིས་ཆོས་སྡེའི་ཡོན་བདག་གི་རྩ་བར་སོང་གཤིས་ཞལ་གྱིས་བཞེས་ཀྱང༌། སླར་བཀྲ་ཤིས་རྩེ་པ་བློ་འགྱུར་ཏེ་བདག་མོ་གཞན་ནས་བསུས་པས། འཇིག་རྟེན་ལུགས་སྲོལ་གྱི་བོར་རྣམས་ཚང་མ་བཞེས་པ་རྣམས་ལ་གཙོ་བོར་བརྟེན་ནས་བཀྲ་ཤིས་ཆོས་སྡེར་དཀྱིལ་འཁོར་ཉི་ཤུ་རྩ་གསུམ་གྱི་སྒྲུབ་མཆོད་འཛུགས་པར་མཛད། ལྕམ་སྲིང་མ་དེ་ཉིད་ཀྱང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་བཀྲ་ཤིས་ཆོས་སྡེའི་བླ་བྲང་རང་དུ་གཏན་ཆགས་ཤིང༌། བཟོའི་རིག་བྱེད་ལ་ཐུགས་རབ་ཕུལ་དུ་ཕྱིན་པའི་ཕྱག་རྗེས་ཀྱང་མང་ཞིང༌། བི་ཤྭ་ཀརྨའི་