[A:༥༣]གསར་གྱི་ཞལ་ངོ་རྣམས་ནས་རྩིས་གནས་གསར་འཛིན་བཞིན་གྱི་ཐོག །བོ་དོང༌། མྱུ་གུ་ལུང་སོགས་སུ་འཕོ་སྐྱས་དང༌། འ་ཞྭ་མཁྱེན་རབ་རྣམ་རྒྱལ་ལ་ཞབས་བཞུགས་ཀྱི་བཞུགས་འཚེར་ལྟ་བུར་ལྷ་ལྡན་ཀརྨ་ཤག་ཆེན་ས་རིས་ཕྲན་བུ་དང་བཅས་པ་གོང་ས་རྡོ་རྗེ་འཆང་ལྔ་པ་ཆེན་པོས་གསོལ་རས་སུ་སྩལ་ཡང༌། ཀརྨ་ཤག་གི་ལྕམ་དེས་མཛད་སྤྱོད་མཁས་མིན་ལ་བརྟེན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཞུང་བཞེས་མཛད་པར། སླར་ཡང་ཡར་ཀླུང་ཞབས་དྲུང་རིན་པོ་ཆེ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་ཞུས་ངོར་འ་ཞྭ་ནམ་མཁའ་དོན་གྲུབ་སྐུ་ན་ཕྲ་མོ་དེར་འཕྱང་རྒྱས་འཕྲེང་སྨད་རྟ་དྲུང་གི་ས་ཞིག་དང༌། ཡུམ་དང་ལྕམ་ཆུང་མར་ཡར་འདའ་ལྡིང་དཔོན་སྨོན་མཁར་པའི་ས་ཆ་གསོལ་སྐལ་དུ་སྩལ་ཞིང༌། གནས་གསར་སོགས་ཀྱང་ཕྱིར་སློག་འོང་བའི་བཀའ་བཞེས་མཛད་མུར་བོད་སོག་འཛིངས་པས་དེ་དོན་མ་གྲུབ་པར། རྒྱལ་བུ་ནམ་མཁའ་དོན་གྲུབ་ཞབས་བཞུགས་ཐོག་ནས་ཤོང་རྒྱ་མཚོའི་འོང་སྡུད་དང༌། ཡར་ཀླུང་གེ་རའི་སྐུ་མག་སོགས་མཛད་པའི་འ་ཞྭ་ནམ་མཁའ་དོན་གྲུབ་རྒྱལ་པོའམ། ཞབས་དྲུང་ཨོ་རྒྱན་སྒྲོལ་སྒྲོན་དུ་གྲགས་པ་དེ་ནི་དཔའ་ཞིང་བརྟུལ་ཕོད་པ། སྒྱུ་རྩལ་དང་ལྡན་བ། རང་བཞིན་བཟང་ཞིང་མཛངས་པ། ཁྲེལ་ངོ་ཚ་དང་གཞུང་ཕྱི་ཐག་རིང་བ། ཡི་གེ་དང་རྩིས་ཀྱི་རིག་བྱེད་ལ་མངོན་པར་བྱང་ཆུབ་པ། རི་མོ་ལ་སོགས་པ་བཟོའི་རིག་བྱེད་ལའང་ཡུན་རིང་དུ་སྦྱངས་པ་ལྟར་མཁས་པ། ལྷ་དང་བླ་མ་དང་གྲུབ་པའི་མཐའ་ལ་གུས་ཤིང་མཆོད་པ་དང༌། ཡོན་སྦྱོར་བ་ལ་སྙིང་སྟོབས་ཀྱི་གོ་ཆ་བརྟན་པ། ཡི་དམ་གྱི་བཟླས་བརྗོད་དང༌། ཡབ་མེས་ཀྱི་སྐུ་ལ་མཆོད་པ་ལ་བརྩོན་པ་སོགས་རིགས་རྒྱུད་སྔ་མའི་རྗེས་སུ་འབྲང་བ་ཁོ་ནའི་སྤྱོད་ཚུལ་བཟང་པོ་ལྷུར་བཞེས་